Degé Kangyur volume 101, F.17.a
།དོ་ཟླ་མེད་པའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་བརྗོད་བཟང་དང་རྗེས་སུ་བསྟན་པ་དང་། །སྡུག་བསྔལ་བཟོད་རླག་འཇིག་རྟེན་འགྲོ་མཐོང་ནས། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཡོན་ཏན་ཀུན་གྱི་འབྱུང་གནས་དེ་བཞིན་གཤེགས། །ཀུན་དུ་བཟང་པོའི་ཡོན་ཏན་ཐོས་གྱུར་ནས། །ནམ་མཁའི་དབྱིངས་འདྲ་འགྱུར་བ་མེད་པ་ཡི། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །གནས་རྣམས་ཇི་སྙེད་གང་དག་ཡོད་གྱུར་དང་། །རང་བཞིན་གནས་པའི་གནས་རྣམས་གཞན་དག་ཀྱང་། །གཞན་མིན་དངོས་པོར་རྣམ་པར་རྟོགས་བྱའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །འདས་དང་མ་འོངས་ད་ལྟར་དུས་དག་ན། །དགེ་དང་མི་དགེའི་ལས་རྣམས་གང་ཡོད་པ། །དེ་དག་རྒྱུ་རྣམས་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཏིང་འཛིན་བསམ་གཏན་རྣམ་ཐར་སྤྱོད་པ་དང་། །དེ་བཞིན་སྙོམས་འཇུག་རྣམ་དག་མཐར་ཐུག་པ། །དེ་དག་གནས་སྐབས་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འདི་འཇོག །འཇིག་རྟེན་བརྩོན་འགྲུས་སྟོབས་དང་དབང་པོ་རྣམས། །ཅི་འདྲ་ཅི་འདྲ་དེ་ཡི་དེ་དང་དེར། །རིམ་པ་ད་དག་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །འཇིག་རྟེན་ཀུན་གྱི་མོས་པ་ཅི་འདྲ་དང་། །ལྷག་པའི་བསམ་པ་ཐ་དད་རྣམ་གསུམ་ནས། །བསྟན་བཅོས་དུ་མ་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །རྣམ་པ་སྣ་ཚོགས་རྣམ་པ་དུ་མའི་ཁམས། །གང་དག་འཇིག་རྟེན་གསུམ་འདིར་ཡོད་ཀུན་གྱི། །ཁམས་ཀྱི་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་དེ་འཇོག །ཆོས་འདིར་ཀུན་དུ་འགྲོ་བར་གང་གྱུར་ཅིང་། །དགེ་བའི་འཇུག་པ་གང་ཡང་རབ་འཇུག་པ། །ཡང་དག་རང་བཞིན་རྟོགས་པར་བྱ་བའི་ཕྱིར། །བྱང་ཆུབ་དོན་དུ་བརྟན་པ་སེམས་འཇོག་བྱེད། །ཞིང་རྣམས་ཐམས་ཅད་ཇི་ལྟར་འབྱུང་བ་དང་། །སེམས་ཅན་ཇི་ལྟར་ས་ལས་འབྱུང་འགྱུར་ཞེས། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh847.html?part=UT22084-057-004-2620#UT22084-057-004-2620