Degé Kangyur volume 44, F.98.a

རང་གི་ལུས་ལ་ཆགས་པ་མེད་པ་དང་། རྟག་ཏུ་ཏིང་ངེ་འཛིན་གྱི་སེམས་སྒོམ་པ་དང་། ལུས་དང་སྲོག་ཡོངས་སུ་གཏོང་བ་དང་། ཉོན་མོངས་པ་རྣམས་ལ་སོ་སོར་རྟོག་པ་སྟེ། ཆོས་བརྒྱད་པོ་འདི་དག་མངོན་པར་སྒྲུབ་པར་ནུས་ན་བྱམས་སྡང་ཡོངས་སུ་སྤོང་བར་འགྱུར་རོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱམས་སེམས་གོ་ཆ་རབ་བགོས་ནས། །​ཐམས་ཅད་ཀུན་ལ་སྙིང་བརྩེ་ཞིང་། །​མཉམ་པའི་སེམས་ལ་གང་གནས་པ། །​བྱམས་སྡང་སེམས་ལ་སྐྱེ་མི་འགྱུར། །​བློ་ལྡན་ཕན་འདོགས་སྤྱོད་པས་ན། །​རྟག་པར་གཞན་ལ་བདེ་བ་གཏོང་། །​རྙེད་པ་ཐོབ་ཀྱང་རང་མི་མཐོང་། །​བརྙས་ཤིང་སྨད་ཀྱང་འཁོན་འཛིན་མེད། །​རླུང་བརྒྱད་ཀྱིས་ནི་མི་བསྐྱོད་པས། །​བྱམས་སྡང་དག་ནི་མི་སྐྱེ་ཞིང་། །​བདག་གམ་གལ་ཏེ་གཞན་ཡང་རུང་། །​བྱམས་སྡང་འདུ་ཤེས་ཡོངས་མི་སྐྱེད། །​འདུ་ཤེས་རྣམས་ནི་རབ་སྤངས་ནས། །​སྤྱོད་ཡུལ་དག་ལ་ཞེན་པ་མེད། །​རྟག་པར་རང་གི་ལུས་རྟོགས་པས། །​ལུས་སྲོག་དག་ལ་ཕོངས་པ་མེད། །​མཁས་རྣམས་སྡུག་བསྔལ་བདེ་བ་ཡིས། །​གཡོས་པར་མི་འགྱུར་ནམ་མཁའ་བཞིན། །ཉོན་མོངས་ལེགས་པར་རྟོགས་བྱེད་ན། །​བདག་དང་བདག་གི་གཉི་ག་སྤོང་། །​སྤྱོད་འཛིན་རྟག་པར་ས་འདྲ་བས། །​བྱམས་སྡང་དག་ནི་ཡོངས་མི་སྐྱེད། །​གཞན་ཡང་བུ་མོ་བྱང་ཆུབ་སེམས་དཔའ་ཆོས་རྣམ་པ་བརྒྱད་དང་ལྡན་ན་འཁོར་བས་ཡོངས་སུ་ངལ་བར་མི་འགྱུར་རོ། །བརྒྱད་གང་ཞེ་ན། དགེ་བའི་རྩ་བ་ཡངས་ཤིང་རྒྱ་ཆེ་བའི་ཕྱིར་དང་། སེམས་ཅན་ལ་སོ་སོར་རྟོག་པར་བྱེད་པའི་ཕྱིར་དང་། རྟག་པར་དེ་བཞིན་གཤེགས་པ་རྣམས་མཐོང་ཞིང་མཆོད་པ་བྱེད་པའི་ཕྱིར་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་མཐོང་བའི་ཕྱིར་དང་། རྟག་པར་སངས་རྒྱས་ཀྱི་མཁྱེན་པ་ཡོངས་སུ་གཉེར་བའི་ཕྱིར་དང་། འཁོར་བ་རྨི་ལམ་ལྟ་བུར་རབ་ཏུ་རྟོགས་པའི་ཕྱིར་དང་། ཆོས་ཁྱད་པར་ཅན་དག་ལ་ཞུམ་པ་མེད་པའི་ཕྱིར་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ཡང་དག་པའི་མཐའ་ལ་སོ་སོར་རྟོག་པའི་ཕྱིར་རོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh84.html?part=UT22084-044-004-346#UT22084-044-004-346