Degé Kangyur volume 95, F.240.b

རྣམས་གཅིག་གི་སྟེང་དུ་གཅིག་བསྐྱོན་པ་བྱས་པ་ལ་ལག་པ་གཡས་པ་རྐེད་པ་གཡས་པར་བཞག་ལ། ལག་པ་གཡོན་པས་གཡས་མནན་པའི་སྟེང་དུ་བཞག་པ་ནི་མཆོག་གི་སྙིང་པོ་སྟེ་འབྱུང་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། །​ཕྱག་རྒྱ་འདི་དག་བཅིངས་པ་ཙམ་གྱིས་འབྱུང་མོ་རྣམས་མྱུར་དུ་འོང་སྟེ། གལ་ཏེ་མི་འོང་ན་མིག་དང་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆི་བར་གྱུར་ཅིག །​དེ་ནས་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །​གལ་ཏེ་འབྱུང་མོ་རྣམས་དམ་ཚིག་ལས་འདའ་བར་བྱེད་ན་ཁྲོ་བོ་འདི་དང་བཅས་པས་དགུག་པའི་ཕྱིར་བཟླ་སྟེ། ཨོྃ་ཀ་ཊུ་ཀ་ཊུ་སྲུ་ཧྲཱིཿཆེ་གེ་མོ་བྷུ་ཏི་ནི་ཧཱུྃ་ཕཊ། ཁྲོ་བོ་འདི་དང་བཅས་པས་བརྒྱ་ཕྲག་བརྒྱད་བཟླས་ན་མྱུར་བར་འོང་བར་འགྱུར་རོ། །​གལ་ཏེ་མྱུར་དུ་མ་འོངས་ན་མིག་དང་སྤྱི་བོ་འགས་པའམ་བསྐམས་ཏེ་འཆིའོ། །​དེ་ནས་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཤད་པ། ཆུ་བོའི་འགྲམ་དུ་སོང་སྟེ་ཙནྡན་གྱི་དཀྱིལ་འཁོར་བྱས་ནས་མེ་ཏོག་གཅལ་དུ་བཀྲམ་སྟེ། གུ་གུལ་གྱི་དུད་པས་བདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ། །​མཚན་མོ་ཡང་སྟོང་བཟླས་ན་འོང་སྟེ། འོངས་ནས་འདོད་པ་སྦྱིན་པར་འགྱུར་ཏེ་ཆུང་མར་འགྱུར་རོ། །​གསེར་སྲང་བརྒྱ་མལ་དུ་དོར་ནས་ཐོ་རངས་ཀྱིས་འགྲོ་བར་བྱེད་དོ། །​ཉི་མ་རེ་རེ་འདི་ལྟར་བྱས་ན་ཟླ་བ་གཅིག་གི་བར་དུ་ངེས་པར་འགྲུབ་བོ། །​ཆུ་བོའི་འགྲམ་དུ་སོང་སྟེ་ཙནྡན་གྱིས་དཀྱིལ་འཁོར་བྱས་ནས་ཞོ་དང་འབྲས་ཆན་གྱི་གཏོར་མ་བྱིན་ན་ཉི་མ་བདུན་ན་ངེས་པར་འོང་ངོ་། །​འོངས་ནས་ཙནྡན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་གྱུར་ཏེ། སྡུག་པ་ངས་ཅི་བྱ་ཟེར་ཏེ་སྒྲུབ་པ་པོ་ཡིས་རྒྱལ་སྲིད་སློང་ཅིག་ཅེས་སྨྲའོ། །​དེ་ནས་ཡུལ་འཁོར་ཡང་ཡོངས་སུ་སྐྱོང་བར་བྱེད་དོ། །​གོས་དང་རྒྱན་དང་བཟའ་བ་ལ་སོགས་པ་མཐུན་པར་སྦྱིན་པར་བྱེད་དོ། །​དཔལ་རྡོ་རྗེ་འཆང་གི་ཁང་པར་སོང་སྟེ། ཀ་ར་བཱི་རའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱི་བདུག་པས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་ཏེ། མཚན་མོ་ཡང་སྟོང་བཟླས་ན་ངེས་པར་འོང་ངོ་། །​འོངས་པ་ལ་མེ་ཏོག་གི་སྟན་སྦྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ན་ཆུང་མར་འགྱུར་ཏེ། ལྷའི་དངུལ་ཆུ་དང་བཅུད་ཀྱིས་ལེན་དང་། རྫས་ཀྱི་དངོས་གྲུབ་སྟེར་ཞིང་དགྲ་ཐམས་ཅད་འཇོམས་པར་བྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2058#UT22084-095-002-2058