Degé Kangyur volume 95, F.262.a

ཉིས་སྟོང་འཚོ་བར་བྱེད་དོ། །​དེ་ནས་ཕོ་ཉ་མཆོག་གི་སྒྲུབ་པའི་ཐབས་བཤད་པ་རྡོ་རྗེ་འཆང་གི་ཁང་པར་སོང་སྟེ། ནག་པོའི་ཚེས་བཅུ་བཞི་ལ་ཁྲི་བཟླས་ནས་ཉི་མ་བདུན་པ་ལ་བསྒྲུབ་པ་བརྩམ་པར་བྱ་སྟེ། ཙནྡན་གྱི་དཀྱིལ་འཁོར་བསྒྲུབ་པར་བྱས་ནས་གུ་གུལ་གྱི་བདུག་པ་སྦྱིན་ཞིང་མེ་ཏོག་དཀར་པོ་དང་། འབྲས་ཅན་དཀར་པོ་དང་། མར་དང་འོ་ཐུག་སྦྱིན་ཞིང་ཀུ་ཤའི་ཁྲི་ལ་འདུག་སྟེ། མར་གྱི་མར་མེ་རབ་ཏུ་སྦར་ནས་མཚན་མོ་ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་མངག་གཞུག་མཆོག་རང་ཉིད་འོང་སྟེ། འོངས་པ་ལ་ཙནྡན་གྱི་མཆོད་ཡོན་བྱིན་ན། ཀྱེ་སྒྲུབ་པ་པོ་བདག་གིས་ཅི་བྱ་ཞེས་སྨྲ་བར་བྱེད་དོ། །​དེ་ནས་སྒྲུབ་པ་པོས་བདག་གི་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན་དེ་ཕན་ཆད་མངག་གཞུག་པར་འགྱུར་ཞིང་ལྷས་མངོན་པར་འདོད་པའི་བཟའ་བ་སྟེར་རོ། །​དངུལ་ཆུ་དང་བཅུད་ཀྱིས་ལེན་སྟེར་ཞིང་གཏེར་རྙེད་པར་བྱེད་ལ་རྒྱབ་ཏུ་ཞོན་ན་མཐོ་རིས་སུ་ཡང་འཁྱེར་བར་བྱེད་ཅིང་གཞན་ཡང་རྒྱལ་སྲིད་སྟེར་བར་བྱེད་དོ། །​འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མངག་གཞུག་སྒྲུབ་པའི་ཆོ་ག་རྒྱས་པའི་ལེའུའོ།​། །​།དེ་ནས་འདིར་ཡང་དག་པར་བཤད་པ་ནི་དངོས་གྲུབ་སྣ་ཚོགས་སྒྲུབ་པར་བྱེད་པ་སློབ་དཔོན་རྣམས་ལ་ཕན་པའི་དོན་དུ་ཇི་ལྟར་གསུངས་པ་མངག་གཞུག་པའི་ཐབས་ཏེ། བསྟེན་པར་བྱ་བ་མ་ཡིན་པའི་ལེ་ལོ་ཅན་དང་སྡིག་པ་བྱེད་པ་དང་། བརྫུན་དུ་སྨྲ་བ་དང་། ཚུལ་འཆོས་ཅན་དང་། དབུལ་པོ་དང་། ནད་ཀྱིས་གདུངས་པ་དང་། ཚེ་ཐུང་བ་དང་སེམས་མི་བརྟན་པའི་མི་རྣམས་ཀྱང་སྤང་བར་མི་བྱ་སྟེ། གལ་ཏེ་ལོངས་སྤྱོད་དང་ནོར་དང་གྲགས་པ་འདོད་ན་ཡང་སྐད་ཅིག་གིས་ཕུན་སུམ་ཚོགས་པར་སྟེར་རོ། །​སྔགས་འདིས་དངུལ་ཆུ་དང་། བཅུད་ཀྱིས་ལེན་པའི་དངོས་གྲུབ་དང་། ལྷའི་རྒྱལ་སྲིད་ཀྱི་དངོས་གྲུབ་ཀྱང་གྲུབ་པར་བྱེད་ན་མི་རྣམས་ཀྱི་རྒྱལ་སྲིད་གྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་དུ་འདི་ལྷའི་བུ་མོ་ཐམས་ཅད་སྐད་ཅིག་ཙམ་གྱིས་གྲུབ་པར་བྱེད་དོ། །​གསང་སྔགས་འདི་ནི་བཀླགས་པས་གྲུབ་པར་བྱེད་ཅིང་ཤིན་ཏུ་བརྩོན་འགྲུས་དམན་པ་རྣམས་ལ་ཡང་ཅི་ལྟར་བདེ་བ་ལྟར་མྱུར་དུ་གྲུབ་པར་བྱེད་ཅིང་སེམས་ཅན་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན་པ་ཡི་གེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2101#UT22084-095-002-2101