Degé Kangyur volume 95, F.261.b

རྣམས་ཀྱིས་ཅི་ལྟར་གསུངས་པ་བྱིན་ནས་གུ་གུལ་གྱི་བདུག་པ་ཡང་བྱིན་ཏེ། ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་པར་བྱེད་དེ། འཇིགས་པར་མ་བྱས་ན་རང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་འོང་ངོ་། །​འོངས་པ་ལ་གཏོར་མ་བྱིན་ན་དགའ་བར་འགྱུར་ཏེ། འབྱུང་པོའི་མངག་གཞུག་ཐམས་ཅད་བྱེད་དོ། །​ཉི་མ་རེ་རེ་དོང་ཙེ་བརྒྱད་བརྒྱད་སྟེར་ཞིང་དགྲ་ཐམས་ཅད་འཇོམས་ཏེ་ལོ་ལྔ་སྟོང་འཚོའོ། །​དེ་ནས་རིགས་ཀྱི་དབང་ཕྱུག་གི་སྒྲུབ་པའི་ཐབས་བཤད་པ། ལྷའི་ཁང་པར་སོང་སྟེ། སྤོས་དམར་པོ་དང་། མེ་ཏོག་དམར་པོ་དང་། གུ་གུལ་གྱི་བདུག་པ་སྦྱིན་ཞིང་ཁྲི་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །​མཚན་མོ་ནག་པོའི་ཚེས་བཅུ་བཞི་ལ་ཉ་དང་། ཤ་དང་ཏིལ་དང་འཛམ་བུ་ཏི་དང་། འབྲས་ཆན་དམར་པོས་ཇི་ལྟ་བར་སྒྲུབ་ཅིང་དུ་རུ་སྐ་དང་མེ་ཏོག་སྦྱིན་ཏེ། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་སྣང་བ་ཆེན་པོ་དང་། འཇིགས་པར་བྱེད་པའི་གཟུགས་ཀྱིས་འོང་སྟེ། དེ་ལ་འཇིགས་པར་མ་བྱས་ན་སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ། །​སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན། ཉི་མ་རེ་དུས་གསུམ་དུ་དོང་ཙེ་ལྔ་ལྔ་སྟེར་བར་བྱེད་དོ། །​ལྷས་མངོན་པར་འདོད་པའི་བཟའ་བ་སྟེར་བར་བྱེད་ཅིང་ལོ་ལྔ་སྟོང་འཚོའོ། །​དེ་ནས་འབྱུང་པོའི་དབང་ཕྱུག་གི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་ལིང་ཀ་གཅིག་པར་སོང་སྟེ། གཅིག་པུ་ནུབ་གསུམ་དུ་འབྲས་ཆན་དམར་པོ་དང་ཉ་དང་ཤས་གཏོར་མ་སྦྱིན་ཞིང་ར་སྐྱེས་ཀྱི་ཤ་དང་། གུ་གུལ་དང་། སྦྲང་རྩི་དང་ལྡན་པའི་བདུག་པས་བདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ན། ཉི་མ་དང་པོ་ལ་རྨི་ལམ་དུ་མཐོང་བར་བྱེད་དོ། །​ཉི་མ་གཉིས་པ་ལ་རང་ཉིད་མཐོང་བར་བྱེད་དོ། །​ཉི་མ་གསུམ་པ་ལ་རིངས་པར་འོངས་ཤིང་མདུན་དུ་འདུག་ནས་འདི་སྐད་སྨྲ་བར་བྱེད་དོ། །​བཀའ་ཅི་སྩོལ་དེ་ནས་སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བརྗོད་པར་བྱའོ། །​རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་ཞིང་རང་ཉིད་སོང་ནས་མི་ཟད་པའི་གཏེར་སྟེར་ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་སྨྲ་བར་བྱེད་དོ། །​གོས་དང་། རྒྱན་དང་། བཟའ་བ་བཟང་པོ་རྣམས་སྟེར་བར་བྱེད་ཅིང་ལོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2100#UT22084-095-002-2100