Degé Kangyur volume 95, F.261.a

བཟླས་ན་བཟླས་པའི་མཐའ་ལ་ངེས་པར་འོང་སྟེ། ཀྱེ་སྒྲུབ་པ་པོས་བཀའ་ཅི་སྩལ་ཞེས་སྨྲ་བར་བྱེད་དོ། །​སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ནས་རྒྱབ་ཏུ་ཞོན་ན་གླིང་བཞི་པ་རྣམས་སུ་ཡང་ཁྱེར་བར་བྱེད་ཅིང་གཞན་ཡང་རྒྱལ་སྲིད་སྟེར་ལ་ལོ་ལྔ་སྟོང་འཚོའོ། །​དེ་ནས་རྫོགས་བྱེད་ཀྱི་སྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཕོ་བྲང་དུ་སོང་སྟེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ནས་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། འབྲས་ཆན་དཀར་པོ་དང་། ཞོས་ཇི་ལྟར་གསུངས་པ་ལྟར་བྱིན་ནས་ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་རང་ཉིད་འོང་ངོ་། །​འོངས་པ་ལ་མེ་ཏོག་གི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ། རྒྱལ་སྲིད་སྟེར་བར་བྱེད་དོ། །​བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་ལོ་སྟོང་འཚོའོ། །​ཇི་སྲིད་འཚོ་བ་དེ་སྲིད་དུ་མངག་གཞུག་གི་ལས་བྱེད་དོ། །​ཆེ་གེ་མོ་འཚོ་བར་གྱིས་ཤིག །​ཆེ་གེ་མོ་སོད་ཅིག་ཅེས་སྨྲས་ན་དེ་དག་ཐམས་ཅད་བྱེད་དོ། །​ཀུན་ཏུ་རྫོགས་བྱེད་ཀྱི་སྒྲུབ་པའི་ཐབས་བཤད་པ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཁྲི་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །​དེ་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་པའི་མཆོད་པ་ཆེན་པོ་བྱས་ཏེ། ཅི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་ན་ནམ་ཕྱེད་ན་རིངས་པར་འོངས་ནས་མདུན་དུ་སྡོད་དོ། །​ཀྱེ་སྡུག་པ་ངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ། །​སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན་དེ་ཕན་ཆད་མངག་གཞུག་གི་ལས་ཐམས་ཅད་བྱེད་དོ། །​གནོད་སྦྱིན་གྱི་བུ་མོ་བཟང་མོ་བླངས་ནས་སྟེར་ཞིང་གཏེར་ཐམས་ཅད་སྟེར་ལ་ལྷས་འདོད་པའི་བཟའ་བ་སྟེར་རོ། །​ཉིན་གཅིག་བཞིན་དུ་རས་དམར་པོ་ཟུང་རེ་སྟེར་ཞིང་དོང་ཙེ་ལྔ་ལྔ་སྟེར་ལ་ལོ་ལྔ་བརྒྱ་འཚོའོ། །​དེ་ནས་དུར་ཁྲོད་ཀྱི་བདག་པོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། མཚན་མོ་དུར་ཁྲོད་དུ་སོང་སྟེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་འབྱུང་པོ་ལ་ཤ་དང་། ཉ་དང་། ཏིལ་དང་། འཛམ་བུ་ཏི་དང་། མངར་གསུམ་ཟན་གྱིས་དྲིལ་བའི་རིལ་བུ་དང་། རྟ་ཤ་ཁམ་ཚད་དུ་གཏུབས་པ་བསྲེགས་ནས་མར་ལ་རྔོས་ལ་འཛམ་བུ་ཏི་ཀ་དང་། འབྲས་ཆན་དང་། ཞོ་དང་། བུ་རམ་དང་། འོ་ཐུག་དང་། སྲན་ཚོད་དང་། སྣུམ་ཁུར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2099#UT22084-095-002-2099