Degé Kangyur volume 95, F.260.b

གཡས་པ་ཁུ་ཚུར་བཅངས་ཏེ། མཛུབ་མོ་བརྐྱང་བ་ནས་བསྐྱིལ་བ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །​ཐལ་མོ་མཉམ་པར་སྦྱར་ཏེ། མཛུབ་མོ་གཉིས་བཀུག་པ་ནི་མེ་ཏོག་གི་ཕྱག་རྒྱའོ། །​སོར་མོ་རྣམས་ཕན་ཚུན་དུ་འཁྱུད་དེ་མཛུབ་མོ་གཉིས་བརྐྱང་བ་ནི་སྤོས་ཀྱི་ཕྱག་རྒྱའོ། །​ལག་པ་སོ་སོར་བརྐྱང་སྟེ། དཔུང་པའི་རྩ་བ་གཉིས་སུ་བཞག་པ་ནི་དྲིའི་ཕྱག་རྒྱའོ། །​ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། གུང་མོའི་སོར་མོ་རབ་ཏུ་བརྐྱང་བ་ནི་མར་མེའི་ཕྱག་རྒྱའོ། །​འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི་ལེའུའོ།​། །​།དེ་ནས་འབྱུང་པོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། ཨོྃ་ཧྲཱིཿཛཿ། གཞན་གྱིས་མི་ཐུབ་པའིའོ། །​ཨོྃ་ཧཱུྃ་ཛཿ། རྒྱལ་བའིའོ། །​ཨོྃ་ཧྲཱི་ཛཿ། རྫོགས་བྱེད་ཀྱིའོ། །​ཨོྃ་བྷུྃ་ཛཿ། ཀུན་ཏུ་རྫོགས་བྱེད་ཀྱིའོ། །​ཨོྃ་སྲུྃ་ཛཿ། དུར་ཁྲོད་ཀྱི་བདག་པོའིའོ། །​ཨོྃ་རུ་ཛཿ། རིག་སྔགས་ཀྱི་དབང་ཕྱུག་གིའོ། །​ཨོྃ་ཧྲི་ཧཱུྃ་ཛཿ། འབྱུང་པོའི་དབང་ཕྱུག་གིའོ། །​ཨོྃ་ཨྃ་ཛཿ། མངག་གཞུག་མཆོག་གིའོ། །​འབྱུང་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་པའི་ཐབས་བཤད་པ། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ། སྔོན་དུ་འབུམ་བཟླས་ཏེ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །​དེ་ནས་ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཅི་ལྟར་གསུངས་པའི་འབྲས་ཆན་དཀར་པོ་དང་། སྦྲང་རྩི་དང་ཞོ་དང་། བུ་རམ་དང་འོ་མ་དང་། ཤ་རྣམས་ཀྱིས་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་ནས། མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་། །​གལ་ཏེ་ངེས་པར་མ་འོངས་ན་སྐད་ཅིག་དེ་ལ་འཆིའོ། །​འོངས་ན་བསྒོ་བ་དོན་མེད་པར་མི་བྱེད་དོ། །​སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན་དེ་ཕན་ཆད་མངག་གཞུག་གི་ལས་བྱེད་ལ་རིག་པ་འཛིན་པའི་རྒྱལ་སྲིད་སྟེར་བར་བྱེད་ཅིང་དགྲ་ཐམས་ཅད་ཚར་གཅོད་པར་བྱེད་དོ། །​ཟླ་བའི་ལྷ་མོ་བླངས་ནས་སྟེར་ཞིང་རྒྱབ་ཏུ་ཞོན་ན་ལྷའི་འཇིག་རྟེན་དུ་ཡང་འཁྱེར་བར་བྱེད་དོ། །​བརྒྱ་བྱིན་ཉིད་ཀྱང་སྟེར་བར་བྱེད་ཅིང་བསྐལ་པ་བདུན་འཚོའོ། །​དེ་ནས་རྒྱལ་བའི་སྒྲུབ་པའི་ཐབས་བཤད་པ། མཚན་མོ་སྦྱིན་བྱེད་མའི་མདུན་དུ་སོང་སྟེ། ཉི་མ་རེ་རེ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། གཏོར་མ་སྦྱིན་ཞིང་གུ་གུལ་གྱི་བདུག་པ་བྱིན་ནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2098#UT22084-095-002-2098