Degé Kangyur volume 95, F.239.a

རྗེས་དགས་པར་བྱ་ཞིང་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བར་བྱའོ། །​དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་དུ་ལེགས་སོ་ལེགས་སོ། །​ལག་ན་རྡོ་རྗེ་ལེགས་པར་བཤད་དོ། །​མི་རྣམས་ལ་ཕན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་དང་སྟོབས་དང་ཕ་རོལ་གནོན་པ་མི་ཕྱེད་པར་གྲགས་པ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གྲུབ་པར་བྱེད་པ་ཆོས་ཀྱི་འཁོར་ལོ་ཐམས་ཅད་སྐོར་བར་བྱེད་པ། སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་པའི་སྒྲུབ་པའི་ཐབས་རྒྱ་ཆེན་པོ་ཆོ་ག་སྣ་ཚོགས་པ་ཕྱག་རྒྱ་དང་། སྔགས་ཀྱི་ཚིག་གིས་སྒྲུབ་པའི་ཐབས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བདག་པོས་ཤོད་ཅིག་ཅེས་གསུངས་སོ། །​དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་རོ་འཚོ་བར་བྱེད་པའི་སྔགས་གསུངས་པ། ཨོྃ་ཀརྡྷ་ཀརྡྷ་མི་ཏྲ་སོྃ་ཛཱི་བ་ཡ་ཏི་དྷཱ་ཡ། དེ་ནས་འདི་གསུངས་པ་ཙམ་གྱིས་ལྷ་ཐམས་ཅད་མྱོས་ཏེ་བརྒྱལ་ཞིང་འགྱེལ་ནས་ཆེར་འཇིགས་ཤིང་རབ་ཏུ་འདར་བར་གྱུར་ཏེ་གནས་སོ། །​དེ་ནས་ལྷ་ཆེན་པོས་གསོལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་སྐྱོབས་ཤིག་སྐྱོབས་ཤིག །​དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །​མ་འཇིགས་ཤིག་མ་འཇིགས་ཤིག །​ཀྱེ་འབྱུང་པོའི་བདག་པོ་ཁྱེད་རྣམས་གཞན་ལས་རྒྱལ་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་དབང་དུ་བསྡུ་ཞིང་འབྱུང་པོ་ཐམས་ཅད་ཚར་གཅད་པར་བྱའོ། །​དེ་ནས་རིག་སྔགས་འཆང་གི་དབང་པོ་དང་། ལྷའི་བུད་མེད་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོས་བསྐྱབ་ཏུ་གསོལ། དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཆེན་པོ་རྡོ་རྗེ་འཆང་གིས་འདི་སྐད་ཅེས་གསུངས་སོ། །​ཀྱེ་བུད་མེད་རྣམས་གོ་བར་གྱིས་ཤིག །​དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོ་ལ་སོགས་པའི་བསྙེན་བཀུར་བྱོས་ཤིག །​དབྱིག་དང་། གསེར་དང་། མུ་ཏིག་དང་། རིན་པོ་ཆེ་དང་། བཻ་ཌཱུརྱ་དང་། པདྨ་རཱ་ག་དང་། རྫས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2055#UT22084-095-002-2055