Degé Kangyur volume 95, F.242.b

འཇིགས་མའི་ཕྱག་རྒྱའོ། །​ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་རབ་ཏུ་བརྐྱང་བ་ནི་བཞིན་མཛེས་མའི་ཕྱག་རྒྱའོ། །​དུར་ཁྲོད་དུ་འཇུག་མའི་འབྱུང་མོ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པའི་ལེའུའོ།​། །​།དེ་ནས་འདིར་ནི་བཤད་བྱ་བ། །​འབྱུང་པོ་འདུལ་བའི་རྒྱུད་ཆེན་རྒྱལ། །​དུར་ཁྲོད་འཇུག་པའི་འབྱུང་ཆེན་མོ། །​བརྒྱད་པོ་སྒྲུབ་པའི་ཆོ་ག་སྟེ། །​དབུལ་པོ་རྣམས་ལ་ཕན་དོན་དུ། །​བྲན་མོའི་སྒྲུབ་ཐབས་དམ་པའོ། །​དུར་ཁྲོད་དུ་སོང་ནས་སྟོང་ཕྲག་བརྒྱད་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །​དེ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ། མཚན་མོ་དུར་ཁྲོད་དུ་སོང་ནས་སེང་ལྡེང་གི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་མར་གྱིས་བྱུག་པས་སྦྱིན་སྲེག་བརྒྱ་བྱས་ན་དེ་ནས་འབྱུང་མོ་དུར་ཁྲོད་དུ་འཇུག་མ་མྱུར་དུ་འོང་སྟེ། ངས་ཅི་བྱ་ཞེས་མངག་གཞུག་བྱེད་པར་འགྱུར་རོ། །​དེ་ནས་ཞིང་བསྐྱེད་པའི་ཞིང་གི་ལས་བྱེད་ཅིང་ཉི་མ་རེ་རེ་ཞིང་དོང་ཙེ་རེ་རེ་སྟེར་རོ། །​མཚན་མོའི་ཞིང་གི་གསེབ་ཏུ་སོང་སྟེ་ཉ་དང་ཤས་ཇི་ལྟར་གསུངས་པའི་གཏོར་མ་སྦྱིན་ཞིང་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ན་ལས་ཀྱི་ཤ་ཟ་མོ་ཇི་ལྟར་བསྟན་པའི་ལས་ཐམས་ཅད་བྱེད་དོ། །​མཚན་མོ་དུར་ཁྲོད་དུ་སོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་ཤ་ཟ་མོ་ཉན་རྣམ་མྱུར་དུ་བཟང་མོའི་གཟུགས་ཀྱིས་འོང་སྟེ་མངག་གཞུག་མར་འགྱུར་རོ། །​ཁྱིམ་གྱི་ལས་དང་བྱ་བ་དང་ཤགས་དང་དྲག་པོའི་ལས་ལ་སོགས་པ་བྱེད་དོ། །​མཚན་མོ་དུར་ཁྲོད་དུ་སོང་ནས་སྟོང་ཕྲག་བརྒྱ་བཟླས་ན་ཤ་ཟ་མོ་ཉན་རྣམ་འབྱུང་མོའི་འཁོར་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་མྱུར་དུ་འོང་ངོ་། །​འོངས་པ་ལ་ཉ་དང་ཤ་ལས་བྱས་པའི་གཏོར་མ་དམར་པོ་བྱིན་ན་དགའ་བར་འགྱུར་རོ། །​བྲན་གྱི་ལས་བྱེད་ཅིང་རས་ཟུང་གཅིག་དང་དོང་རྩེ་གཅིག་དང་འབྲས་ཆན་དང་རྒྱན་ལ་སོགས་པ་སྒྲུབ་པ་པོ་དང་འགྲོ་བ་ལྔ་ལ་ཉི་མ་རེ་རེ་ཞིང་སྟེར་རོ། །​དཔག་ཚད་བརྒྱ་ནས་ཀྱང་བུད་མེད་བཟང་མོ་བླངས་ནས་སྟེར་རོ། །​མདོར་ན་བྲན་དང་བྲན་མོ་དང་འདྲ་བར་ཇི་སྲིད་འཚོའི་བར་དུ་ལས་ཐམས་ཅད་བྱེད་དོ། །​འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཀྱི་ཤ་ཟ་མོའི་ཆོ་ག་རྒྱས་པའི་ལེའུའོ།​། །​།དེ་ནས་འབྱུང་མོ་གཏུམ་མོ་ཆེན་མོ་ཀ་ཏ་ཡ་ན་གཏུམ་མོ་ཆེན་མོ་རྣམས་ལངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2062#UT22084-095-002-2062