Degé Kangyur volume 94, F.233.b

ལག་པ་འབུམ་ལྡན་མ། མིག་འབུམ་ལྡན་མ། མགོ་འབུམ་ལྡན་མ། ནོར་བུ་རྣམ་པ་སྣ་ཚོགས་ཀྱི་ཅོད་པན་དང་ལྡན་མ། གཟུགས་བཟང་མ། ཀུན་གྱི་གཟུགས་ཅན་མ། གྲགས་མ། ཤིན་ཏུ་གྲགས་མ། ཞི་མ། སྤྲིན་འདྲ་བའི་སྐྲ་གཙང་མ། ཟླ་བ་ལྟར་མཛེས་མ། དགེ་མ། དགེ་བྱེད་མ། སེམས་ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་དཔལ། འཕགས་མ་མེ་ཏོག་གི་དཔལ་མེ་ཏོག་གི་དབང་ཕྱུག་མ། རིའི་རྒྱལ་པོ་རི་རབ་ཐམས་ཅད་ཀྱི་དཔལ། ཆུ་ཀླུང་དང་། མཚོ་ཐམས་ཅད་ཀྱི་དཔལ། ཆུ་དང་རྒྱ་མཚོ་ཐམས་ཅད་ཀྱི་དཔལ། མུ་སྟེགས་ཐམས་ཅད་མངོན་དུ་ཕྱོགས་པའི་དཔལ། སྨན་དང་། རྩྭ་དང་། ནགས་ཚལ་དང་། ནོར་དང་འབྲུ་ཐམས་ཅད་ཀྱི་དཔལ། གསེར་སྦྱིན་མ། ཟས་དང་སྐོམ་སྦྱིན་མ། འོད་གསལ་མ། སྣང་མ། ལུས་གཙང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྒྱུར་མ། ལྷའི་ཚོགས་ཐམས་ཅད་ལ་མངོན་དུ་ཕྱོགས་མའི་དཔལ། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་ལ་སོགས་པའི་དཔལ། སྦྱིན་བྱེད་མ། ལོངས་སྤྱོད་མ། གཟི་བརྗིད་མ། གཟི་བརྗིད་ལྡན་མ། ཕུན་སུམ་ཚོགས་མ། འབྱོར་པ་མ། རྣམ་པར་འཕེལ་མ། མཐོང་མ། ཆོས་ཀྱི་དཔལ་མ། ཁྱབ་འཇུག་ལ་རྟེན་མ། ཀུ་མུ་ད་ལ་གནས་མ། གནོད་སྦྱིན་མ། བཟོད་སྦྱིན་མ། མཐུ་རྩལ་གྱི་གནས་མ། དག་བྱེད་དང་བཀྲ་ཤིས་ཐམས་ཅད་ཀྱི་ལག་ལྡན་མ། བཀྲ་མི་ཤིས་པ་ཐམས་ཅད་འཇིགས་བྱེད་མ། བསོད་ནམས་ཐམས་ཅད་སྡུད་པའི་དཔལ། ས་ཐམས་ཅད་དང་རྒྱལ་པོ་ཐམས་ཅད་ཀྱི་དཔལ། རིག་སྔགས་འཆང་གི་རྒྱལ་པོ་ཐམས་ཅད་ཀྱི་དཔལ། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། ལྷའི་གནས་དང་། ལྷ་ཐམས་ཅད་ཀྱི་དཔལ། བཟླས་བརྗོད་དང་། བཟླས་བརྗོད་དུ་བྱ་བ་དང་། སྦྱིན་སྲེག་དང་། སྦྱིན་སྲེག་ཏུ་བྱ་བ་དང་། བཀྲ་ཤིས་ཐམས་ཅད་ཀྱི་དཔལ། འོད་ལྡན་མ། མཆོག་དགའ་མ། སྐལ་བས་འགྱུར་མ། དྲང་སྲོང་ཐམས་ཅད་དགའ་བར་བརྗོད་པའི་དཔལ། བུད་མེད་ཐམས་ཅད་ཀྱི་གནས་ཀུན་གྱི་གཙོ་མོ་དཔལ་གྱི་མཆོག །​མིའམ་ཅི་མོ་ཐམས་ཅད་དང་། ལྷ་མ་ཡིན་མོ་ཐམས་ཅད་ཀྱི་དཔལ་གྱི་མཆོག



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh739.html?part=UT22084-061-013-317#UT22084-061-013-317