Degé Kangyur volume 43, F.133.b

།དེ་ནས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དྲུག་ཅུ་པོ་དེ་དག་གིས་གདོང་ལས་མཆི་མ་ཕྱིས་ནས་སྐྱོ་ཞིང་སྐྱོ་བའི་ཡིད་ཀྱིས་ཡང་དག་པར་དགའ་སྟེ། སྤུ་ཟིང་ཞེས་བྱེད་པར་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ལ་ཐ་བའི་ནོངས་པའི་སེམས་བསྐྱེད་པ་གང་ལགས་པའི་ནོངས་པ་དང་། གཞན་ཡང་ལས་ཀྱི་སྒྲིབ་པ་གང་ཅི་མངོན་པར་འདུས་བགྱིས་པ་རྣམས་བདག་ཅག་གིས་བཤགས་སོ། །​བཅོམ་ལྡན་འདས་དེང་སླན་ཆད་བདག་ཅག་འདི་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འདི་ལྟ་བུ་བཅའ་བར་བགྱིའོ། །​བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གི་ལྟུང་བ་མང་བའམ། མང་བ་མ་ལགས་པ་ཡང་རུང་སྟེ། གླེང་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ། །​བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ལ་བརྙས་སམ། དེ་ལ་མི་སྙན་པ་བརྗོད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ། །​བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་སྟེ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་ཡོངས་སུ་སྤྱོད་པ་མཐོང་ན་མ་དད་པར་བགྱིད་པས་མ་གུས་པ་བསྐྱེད་དམ། དེ་ལ་སྟོན་པར་འདུ་ཤེས་མ་བསྐྱེད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །​བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་མཛའ་བཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེར་བའི་ཁྱིམ་གྱི་རྒྱུས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱི་ལུས་ལ་གནོད་པའམ། སེམས་ལ་གནོད་པ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །​བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་མཐོང་ནས་ཡིད་དུ་མི་འོང་བའི་ཚིག་གཅིག་ཙམ་ཞིག་སྨྲས་ན་ཡང་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།

PreviousNext


The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh69.html?part=UT22084-043-006-415#UT22084-043-006-415