།དེ་ལྟ་བས་ན་སྤྲོས་ལ་གནས་མི་བྱ། །གང་ལ་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ན་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ། །རབ་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས། །སྡང་བའི་སེམས་ཀྱིས་རྩོད་པར་མ་བྱེད་ཅིག །ཁྱེད་ལ་ཞིང་མེད་ཞིང་ལས་ཚོང་བྱར་མེད། །གང་ལ་ནོར་ཕྱིར་འདི་དག་འབྱུང་བ་སྤྲོས། །ཁྱེད་ལ་ཆུང་མ་བུ་དང་བུ་མོ་མེད། །ཁྱིམ་དང་གཉེན་གྱི་ཚོགས་ཀྱང་ཡོད་མ་ཡིན། །བྲན་ཕོ་བྲན་མོ་མེད་ཅིང་དབང་ཕྱུག་མེད། །རབ་ཏུ་བྱུང་ནས་རྩོད་པར་མ་བྱེད་ཅིག །ཞི་ཞིང་རབ་ཏུ་ཞི་བས་བསྟེན་པ་ཡི། །ངུར་སྨྲིག་གོས་རྣམས་དད་པས་བླངས་ནས་ནི། །ཞི་ཞིང་རབ་ཞི་ཉེ་བར་ཞི་བར་བྱོས། །སྤྲོས་པ་རྣམ་པར་སྤོངས་ལ་བཟོད་པ་སྐྱེད། །མི་བཟད་སེམས་ནི་སྦྲུལ་དུག་འདྲ་བ་སྲུངས། །སྤྲོས་ལ་སྤྱོད་པ་སེམས་ཅན་དམྱལ་བ་དང་། །དུད་འགྲོ་གཤིན་རྗེའི་ཡུལ་དང་རིང་མི་འགྱུར། །དེ་ལྟ་བས་ན་བཟོད་དང་བརྩོན་འགྲུས་སྐྱེད། །ཚོགས་པ་གཞིག་ཕྱིར་སྤྲོས་པར་བྱེད་ན་ནི། །སྡུག་བསྔལ་གསོད་དང་འཆིང་བ་ཅི་ཡང་རུང་། །གོ་ར་བརྡེག་དང་བསྡིགས་པ་དེ་དག་ནི། །འཇིག་རྟེན་འདི་ན་གནས་པ་རྣམས་ལ་འབྱུང་། །ཚོགས་པར་གྱུར་ལ་ཉེས་པ་འདི་དག་དཀོན། །ཚོགས་གྱུར་བག་ལ་ཉལ་བ་འཕེལ་བ་མེད། །ཚོགས་གྱུར་རྣམས་ལ་དགའ་བ་འབྱུང་འགྱུར་ན། །མཁས་པ་སུ་ཞིག་ཚོགས་པ་སྐྱེད་མི་བྱེད། །གླགས་ཚོལ་དག་གིས་སྐྱོན་རྣམས་རྙེད་མི་འགྱུར། །ནམས་ཀྱང་འཁོར་རྣམས་ཕྱེད་པར་མི་འགྱུར་ཏེ། །དེ་ཡི་མཛའ་བཤེས་དག་ཀྱང་རྒྱུན་དུ་འབྱུང་། །སྤྲོས་པ་སྤངས་པའི་ཕན་ཡོན་དེ་དག་ཡིན། །ཐེག་པའི་སྟོབས་འདི་ཡིས་ནི་དག་འགྱུར་ཞིང་། །ལས་ཀྱི་སྒྲིབ་པ་མ་ལུས་བྱང་ནས་ནི། །སྟོབས་དང་བཅས་ཤིང་བཞོན་བཅས་བདུད་ཐུལ་ཅིག །བརྟན་པ་གང་ཡིན་དེས་ནི་བཟོད་པ་བསྐྱེད། །སྤྲོས་པ་རྒྱས་པ་ལ་ནི་སྐྱོན་མང་ཆགས། །ཉེས་པ་དེ་དག་ངས་ནི་བསྟན་མི་ནུས། །རྟག་ཏུ་སྤྲོས་མེད་བསྔགས་པ་མཐའ་ཡས་འགྱུར། །སུ་ཞིག་དོན་གཉེར་དེས་ནི་བཟོད་པ་སྐྱེད། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།