Degé Kangyur volume 43, F.146.a
།སྤྲེའུ་ལྟར་དེ་ཡི་སེམས་ནི་གཡོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །རང་གི་བློ་ནི་ཤེས་པས་དམན་པའི་ཕྱིར། །རྨོངས་པ་དེ་ནི་གཞན་གྱི་དྲིང་ལ་འཇོག །དེ་ནི་ཉོན་མོངས་ཕྱོགས་ཀྱི་དབང་དུ་འགྲོ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །མིག་ཀྱང་འཁྲུལ་ཅིང་དེ་བཞིན་རྣ་བ་འང་འཁྲུལ། །སྣ་ཡང་འཁྲུལ་ཅིང་དེ་བཞིན་ལྕེ་ཡང་འཁྲུལ། །ལུས་ཀྱང་འཁྲུལ་ཅིང་ཡིད་ཀྱང་འཁྲུལ་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེ་ནི་བདག་ཉིད་དགའ་བ་མི་འཐོབ་པོ། །ཚིག་གང་དགའ་བ་མཐའ་ཡས་འཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །སྨྲ་བའི་ཉེས་པ་འདི་འདྲ་རྟོག་གྱུར་ཅིང་། །དོན་གྱི་ཡོན་ཏན་མཆོག་འདི་ཤེས་ནས་ནི། །འདི་ན་བྱང་ཆུབ་མཁས་པ་གང་ཡིན་པ། །དེས་ནི་དོན་བསམ་པ་ལ་དགའ་བར་གྱིས། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སྨྲ་བ་ལ་དགའ་བའི་སྐྱོན་རྣམས་དང་། དོན་ལ་སེམས་པའི་ཡོན་ཏན་རྣམས་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྙིང་པོ་འཚལ་བ་རྣམས་ཀྱིས་ནི་དོན་བསམ་པ་བཏང་སྟེ་སྙིང་པོ་མ་མཆིས་པའི་སྨྲ་བ་ལ་དགའ་བར་བགྱིད་པའི་རྔོ་མི་ཐོག་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཉིད་ཀྱི་དགའ་བས་དགའ་བའི་སྐྱོན་ཇི་ལྟར་བརྟག་པར་བགྱི། བྱང་ཆུབ་སེམས་དཔས་ཇི་ལྟར་བརྟགས་ན་རྨུགས་པ་དང་། གཉིད་ཀྱི་ནོངས་དམིགས་མཐོང་ནས་བརྩོན་འགྲུས་རྩོམ་ཞིང་ཡོངས་སུ་སྐྱོ་བར་ཡང་མི་འགྱུར་བ་ལགས།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh69.html?part=UT22084-043-006-441#UT22084-043-006-441