Degé Kangyur volume 43, F.111.a
།དེ་དག་ལྷུན་པོ་འདྲ་བར་ནི། །མཐུ་བརྟན་རབ་ཏུ་མི་གཡོ་སྟེ། །ཡི་དམ་གཏོང་བར་མི་བྱེད་དོ། །ས་རྣམས་ཐམས་ཅད་གཡོ་ཡང་སྲིད། །མེ་ནི་ཆུར་ཡང་འགྱུར་ཡང་སྲིད། །གྲོགས་དག་འདི་ནི་གནས་འདི་ལས། །བསྐྱོད་པར་ནུས་པ་མ་ཡིན་ནོ། །འདི་ལ་མི་དགའ་ཕྱིས་མི་བྱ། །སྡིག་པའི་ལས་རྣམས་མ་བྱེད་ཅིག །ཕྱིན་ཆད་དམུས་ལོང་འདྲ་བར་ནི། །བསྐལ་པ་བྱེ་བར་འཁྱམས་ས་རེ། །འདི་ནི་སེམས་ཅན་ཐམས་ཅད་ལ། །ཕན་ཕྱིར་བྱང་ཆུབ་ཞུགས་པ་སྟེ། །མངོན་པར་འབྱུང་ཕྱིར་བརྩོན་རྣམས་ནི། །བྱང་ཆུབ་དམ་པ་རྙེད་མི་དཀའ། །འདོད་པའི་ཕྱིར་དང་ལོངས་སྤྱོད་ཕྱིར། །བྱང་ཆུབ་སྤྱད་པ་མི་སྤྱོད་ཀྱི། །སེམས་ཅན་གང་དག་སངས་རྒྱས་ཀྱི། །ཡེ་ཤེས་ཚོལ་རྣམས་ཇི་ལྟར་བདེ། །སྟོང་གསུམ་རིན་ཆེན་རྣམས་དང་ནི། །གོས་དང་ཡུལ་གཞན་ལྷ་རྫས་ཀྱིས། །ཆལ་པར་བཀང་བར་གྱུར་ཀྱང་ནི། །དེ་དག་ཆགས་པར་བྱ་མི་ནུས། །མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་གྱིས། །མཁས་པ་ཉེས་པ་བཤགས་ནས་ནི། །ལས་དང་ལྷན་ཅིག་མི་གནས་སོ། །འོད་སྲུང་དེ་ལྟར་ལྷ་དེས་བསྐུལ་བ་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེའི་ཕ་མ་དེ་གཉིས་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། རྒན་རབས་དེ་དག་དང་། སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཉེས་པ་ལ་ཉེས་པར་བཤགས་ནས་གཞོན་ནུ་དེ་ལ་འདི་སྐད་ཅེས་སྨྲས་ཏེ། གཞོན་ནུ་ཁྱོད་ཇི་ལྟར་བསམས་པ་བཞིན་སོང་ཤིག །རབ་ཏུ་ཡང་བྱུང་ཤིག །ཟན་ཡང་ཟོ་ཤིག །ཟས་མ་ཟོས་པས་འཆི་བའི་དུས་བྱས་པར་གྱུར་ཏ་རེ་ཞེས་བྱས་སོ། །འོད་སྲུང་དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེས་ཞག་བདུན་གྱི་བར་དུ་ཟན་བཅད་དུ་ཟིན་ཀྱང་འདི་ལྟ་སྟེ། སངས་རྒྱས་དང་འབྲེལ་པའི་ཡིད་ལ་བྱེད་པ་དང་ཞག་བདུན་གྱི་བར་དུ་ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་བཅུག་པས་ན། དབང་པོ་རྣམས་གཞན་དུ་གྱུར་པར་ཡང་མ་གྱུར།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh67.html?part=UT22084-043-004-654#UT22084-043-004-654