Degé Kangyur volume 43, F.105.a

གཤེགས་པའི་སྐུ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཡོངས་སུ་བསྒོས་པ་ཡིན་པས་དེ་ནི་ཚུལ་ཁྲིམས་འཆལ་པ་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་དང་། རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མ་ཡིན་པ་རྣམས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །​གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་ཡོངས་སུ་བསྒོས་པ་ཡིན་པས་དེ་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་དང་། སྙིང་རྗེ་མེད་པ་དང་། དགའ་བའི་སེམས་མེད་པ་དང་། རྣམ་པར་གཡེང་བ་ཡིད་ལ་བྱེད་པ་རྣམས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །​གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་ཡོངས་སུ་བསྒོས་པ་ཡིན་པས་དེ་ནི་སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་དང་། ཐ་བའི་ཉེས་པ་དང་། ཁོང་ཁྲོ་བ་མང་བ་དང་། ལེ་ལོ་ཅན་དང་། བརྗེད་ངས་པ་དང་། ཤེས་རབ་འཆལ་པ་རྣམས་ཀྱིས་མཆོད་པར་སླ་བ་མ་ཡིན་ནོ། །​འོད་སྲུང་དེ་ལྟར་དགེ་སློང་ཆོས་དང་། ཆོས་བཟང་གཉིས་ཀྱིས་འཁོར་དེ་དག་ལ་དེ་ལྟ་དེ་ལྟར་ཆོས་བསྟན་པ་ན་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་བཞི་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །​སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ནི་ཤེས་པ་དང་མཐོང་བ་བསྐྱེད་དོ། །​འདོད་ཆགས་དང་བྲལ་བ་ཉིད་དང་། ཕྱིར་མི་འོང་བ་ཉིད་ཀྱང་རྗེས་སུ་ཐོབ་པར་གྱུར་ཏོ། །​སྔོན་སེམས་མ་བསྐྱེད་པའི་སྲོག་ཆགས་ཉི་ཁྲི་སུམ་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །​འོད་སྲུང་དགེ་སློང་ཆོས་དང་། ཆོས་བཟང་གཉིས་ལྷག་པའི་བསམ་པ་དེ་ལྟ་བུ་དང་ལྡན་པར་གྱུར་པ་ལ་ལྟོས། །​འོད་སྲུང་སྐྱེས་བུ་དམ་པ་དེ་ལྟ་བུ་དག་གི་ཟབ་མོ་ལ་བཟོད་པ་དེ་དང་། ཐབས་ལ་མཁས་པ་དེ་ལ་བསླབ་པར་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh67.html?part=UT22084-043-004-642#UT22084-043-004-642