Degé Kangyur volume 43, F.78.a

སེམས་དཔའ་རྣམས་སེང་གེའི་སྒྲ་སྒྲོགས་ཤིང་དམ་པའི་ཆོས་ཡོངས་སུ་འཛིན་པར་བྱེད་དོ། །​དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྐྱེས་བུ་དམ་པ་མ་ལགས་པ། བྱང་ཆུབ་སེམས་དཔར་མཆིད་ཀྱིས་འཆེ་བ། དགེ་སྦྱོང་དུ་མཆིད་ཀྱིས་འཆེ་བ། གླེན་པ། བླུན་པོ། རྙེད་པ་དང་བཀུར་སྟི་འཚལ་བ། རྙེད་པ་དང་། བཀུར་སྟི་ལ་གདུ་བ། མཛའ་བཤེས་ཀྱི་སྡུམ་པ་དང་། སློངས་མོ་སྟེར་བའི་སྡུམ་པ་ལ་གདུ་བ། བསོད་སྙོམས་ལ་སྦྱོར་བར་བརྩོན་པ་དེ་དག་གི་ནོངས་པའི་གནས་བདག་ལ་བཀའ་སྩལ་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་གིས་རྒྱུ་དེ་དག་ཐོས་ནས་དེ་དག་རྟོགས་པས་མྱུར་བ་མྱུར་བར་སྤོང་བར་བགྱིད་ཅིང་། ནོངས་པ་དེ་དག་ལས་བདག་ཉིད་སྲུང་བར་བགྱིད་པ་དང་། སྐྱེས་བུ་དམ་པ་མ་ལགས་པ་དེ་དག་ལས་ཀྱང་ལ་ལ་དེ་བཞིན་གཤེགས་པས་བདག་མཁྱེན་ཅིང་དེ་བཞིན་གཤེགས་པས་བདག་རྟོགས་སོ། །​རབ་ཏུ་རྟོགས་སོ། །​ཞེས་དེ་བཞིན་གཤེགས་པ་ལ་དང་བ་སྐྱེ་བར་འགྱུར་བའི་སླད་དུའོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​བྱམས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གི་ཉེས་པའི་གནས་གང་ཡིན་པ་ཅུང་ཟད་ཙམ་ཞིག་བསྟན་པར་བྱ་སྟེ། བྱམས་པ་དེ་ལ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔར་ཁས་འཆེ་བ་མང་པོ་འབྱུང་བ་དེ་དག་གི་སྡིག་པ་འདོད་པ་གང་དག་ཡིན་པ་དེ་དག་བཤད་པར་བྱའོ། །​བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔར་ཁས་འཆེ་བ་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། གཡོ་བྱེད་པ་དང་། ཡ་ང་བའི་འཚོ་བས་འཚོ་བར་བྱེད་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔར་ཁས་འཆེ་བ་ཡིན་པར་རིག་པར་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh67.html?part=UT22084-043-004-588#UT22084-043-004-588