Degé Kangyur volume 42, F.196.b

བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མེ་རོ་གན་དྷ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་སྐུ་ཚེའི་ཚད་ནི་ཚེ་ལོ་དྲུག་ཅུ་ཐོབ་པར་གྱུར་ཏོ། །​འདུས་པ་རེ་རེ་ལ་ཆོས་བསྟན་པའི་ཚེ་ཉན་ཐོས་བྱེ་བ་ཕྲག་བརྒྱད་ཅུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །​གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཞག་བདུན་ཚུན་ཆད་ཉན་ཐོས་ཆེན་པོ་ཇི་སྙེད་པ་ཕལ་ཆེར་དེ་བཞིན་གཤེགས་པའི་རྗེས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །​གང་པོ་དེ་བཞིན་གཤེགས་པ་དེ་ཡང་ང་ཇི་ལྟ་བ་བཞིན་དུ་སྙིགས་མ་ལྔའི་དུས་ཀྱི་ཚེ་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། ཉན་ཐོས་ཆེན་པོ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་ཚེ་སྐྱེ་བོ་རྣམས་ཕལ་ཆེར་འདི་སྙམ་དུ་དགེ་སྦྱོང་གི་ཆོས་ནི་རབ་ཏུ་བདེ་ཞིང་སྐྱིད་པ་ཡིན་ན་བདག་ཅག་ཅིའི་ཕྱིར་སོ་སོ་ནས་རབ་ཏུ་མི་འབྱུང་སྙམ་དུ་བསམས་ནས། སོ་སོ་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ངུར་སྨྲིག་བགོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །​རབ་ཏུ་བྱུང་ནས་ཀྱང་དངོས་པོ་གསུམ་པོ་རྟག་པར་ཁྱིམ་པའི་ཁྱིམ་དུ་འགྲོ་ཞིང་འདུ་བར་བྱེད་པ་དང་། རྙེད་པ་ལ་མངོན་པར་ཞེན་ནས་བདག་ཉིད་འཚོ་བར་བྱེད་པ་དང་། བདག་ཉིད་ཉམ་འཚག་འཚོ་བ་འབའ་ཞིག་ཏུ་སྦྱོར་ཞིང་བསོད་ནམས་དང་ཡེ་ཤེས་དང་མི་ལྡན་པ་འབའ་ཞིག་སྤྱོད་པར་གྱུར་པས་དངོས་པོ་གསུམ་པོ་འདི་འབའ་ཞིག་སྤྱོད་པར་བྱེད་ཀྱི་ལས་གཞན་ནི་མངོན་པར་མི་སྒྲུབ་པར་གྱུར་ཏོ། །​ལོ་བརྒྱ་འདས་པའི་འོག་ཏུ་ཉན་ཐོས་ཆེན་པོ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ཏེ་མ་ལུས་པར་གྱུར་པས་དགེ་སློང་མང་པོ་དེ་དག་ཁྱིམ་པ་རྣམས་དང་། འཐུན་པར་བྱེད་ཅིང་སངས་རྒྱས་ཀྱི་མདོ་སྡེ་ཟབ་མོ་རྣམས་དང་། ཚུལ་ཁྲིམས་སྲུང་བ་དང་། སྦྱངས་པའི་ཡོན་ཏན་སྤྱོད་ལམ་ཞིབ་མོ་གྱ་ནོམ་པའི་ཆོས་རྣམས་ནི་ཕལ་ཆེར་སྤངས་ནས་སུ་ཡང་ཀློག་ཅིང་འདོན་པ་མེད་པར་གྱུར་ཏོ། །​གང་པོ་དེའི་ཚེ་དགེ་སློང་རྣམས་འདོད་པ་མང་པོ་དག་ལ་སྤྱོད་པར་མོས་ཤིང་བཟའ་བ་དང་བཏུང་བའི་རོ་ལ་ཆགས་པར་གྱུར་པས་དེའི་ཚེ་རྒྱལ་པོའི་བུ་ད་མ་ཤི་རི་ཞེས་བྱ་བ་རྒྱལ་པོ་ཤིན་ཏུ་བྱམས་ཤིང་གཅེས་པར་བྱེད་པ་ཞིག་ཡོད་དེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-817#UT22084-042-002-817