Degé Kangyur volume 42, F.186.b

སྟོར་བར་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱང་སྤོང་བར་བྱེད། བྱང་ཆུབ་སེམས་དཔའི་ཐེག་པ་ཡང་སྤོང་བར་བྱེད་པས་སླར་ལྡོག་པར་འགྱུར་ཞིང་བྱང་ཆུབ་ཀྱི་བསམ་པ་ཡང་གཏན་དུ་སྟོར་ནས་འཁོར་བའི་ཆོས་འབའ་ཤིག་སྤྱོད་ཅིང་ཐེག་པ་ཆེན་པོའི་སྤྱོད་པའི་ཆོས་མངོན་པར་སྒྲུབ་པར་མི་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པོ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པ་བར་འགྱུར་རོ། །​གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་མདོ་སྡེ་ཐོས་པར་གྱུར་ཡང་ལྷག་པའི་བསམ་པས་གཞན་དག་ལ་ཡང་དག་པར་སྟོན་པར་མི་བྱེད་ཅིང་། སེམས་ཞུམ་པར་གྱུར་ནས་གཅིག་ཏུ་འགྲོ་བ་ལ་དགའ་ཞིང་ཆོས་ཀྱི་སེར་སྣ་བྱས་ནས་གཞན་དག་ལ་བསྟན་པའི་འདུན་པ་མེད་པ་དང་། ཆོས་ཀྱིས་གཞན་དག་རྒྱ་ཆེར་ཡོངས་སུ་སྡུད་པར་མི་བྱེད་ན་མི་དགེ་བའི་རྩ་བ་དེའི་རྒྱུ་དང་རྐྱེན་གྱིས་ཤེས་རབ་དང་ལྡན་པ་རབ་ཏུ་ཉམས་པར་འགྱུར་རོ། །​ཤེས་རབ་དང་དྲན་པ་ཉམས་པར་གྱུར་པའི་དབང་གིས་གཞན་དག་དང་ལྷན་ཅིག་མདོ་སྡེའི་ཆོས་ཀློག་ཅིང་མངོན་པར་མི་བྱེད་ལ། ཆོས་ཀྱིས་གཞན་དག་དང་འཐུན་པར་མི་བྱེད་པས་གང་ཟག་དེ་ལུས་རྗེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་ཀྱང་སྟོར་བར་འགྱུར་ལ་བྱང་ཆུབ་སེམས་དཔའི་བསམ་པ་ཡང་བརྗེད་པར་གྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་དེ་དག་དང་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པ་བར་འགྱུར་རོ། །​དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཡང་དག་པར་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་དགེའི་གྲོགས་པོ་སྟེན་བྱེད་ཅིང་། །​བྱང་ཆུབ་ལ་ནི་མི་བརྩོན་ན། །​རྒྱུ་དང་རྐྱེན་ནི་དེ་ཡི་ཕྱིར། །​བླ་མེད་བྱང་ཆུབ་སེམས་སྟོར་འགྱུར། །​སྡིག་པའི་བདག་ལྟ་རབ་བསྐྱེད་ནས། །​མཐའ་དང་ལོག་ལྟར་གང་ལྷུང་བ། །​ཆོས་འཇིག་སྡིག་ནི་བསླང་བས་ན། །​མི་ཁོམ་གནས་སུ་སྐྱེ་བར་འགྱུར། །​མི་ཁོམ་གནས་སུ་སྐྱེས་ནས་ཀྱང་། །​བྱང་ཆུབ་སེམས་ནི་གཅོད་བྱེད་ཅིང་། །​སྔོན་གྱི་ཡི་དམ་སྟོར་འགྱུར་བས། །​དེ་ཕྱིར་བྱང་ཆུབ་སེམས་ཀྱང་ཉམས། །​དེ་ཡིས་བྱང་ཆུབ་སེམས་སྐྱེ་བའི། །​ཆོས་ནི་ཐོས་པར་ཡང་མི་འགྱུར། །​དེ་ཡི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-797#UT22084-042-002-797