Degé Kangyur volume 42, F.224.b

མངོན་དུ་བྱས་པའི་ཚེ་གནས་གཙང་མའི་རིས་ཀྱི་ལྷ་ཞིག་འོངས་ཏེ་མངོན་དུ་ལུས་བསྟན་ནས་ང་ལ་འདི་སྐད་དུ་ཀྱེ་ཡེ་ཤེས་འདི་ལ་མངོན་པར་ཞེན་པར་མ་བྱེད་ཅིག །​ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་ཡོངས་སུ་ཟློ་བར་འགྱུར་རོ་ཞེས་བསྒོའོ། །​གླང་པོ་ཆེའི་ལག་ངས་དེའི་ཚེ་དེ་སྐད་བསྒོ་བ་ཐོས་ནས་ལམ་བསྒོམ་པ་བཏང་བས་སེམས་མཆོག་ཏུ་དགའ་བ་ཐོབ་པར་གྱུར་ནས་ཟླ་བ་ཕྱེད་ཀྱི་བར་དུ་དབེན་པར་འདུག་པའི་ཚེ་དགའ་བས་ལུས་ཀུན་དུ་ཁྱབ་པར་གྱུར་ཏོ། །​གླང་པོ་ཆེའི་ལག་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན་ལྷ་རྣམས་ཀྱིས་གོ་བར་བྱེད་ཅིང་རབ་ཏུ་དགའ་བའི་སེམས་ཀྱང་འཐོབ་པར་འགྱུར་ལ། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་རིག་པར་བྱའོ། །​བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་ནས་གཞན་དག་ཀྱང་སེམས་བསྐྱེད་པར་སྐུལ་བ་ཡིན། ཐེག་པ་ཆེན་པོར་སེམས་བསྐྱེད་པ་དག་མཐོང་ན་ཕྲག་དོག་ཀྱང་མི་བྱེད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདག་གཅིག་པུས་ཐོབ་པར་བྱ་བ་ཡིན་གྱི །​གཞན་གྱིས་ཐོབ་པར་བྱ་བ་མ་ཡིན་ནོ་སྙམ་དུ་མི་སེམས་པ་ཡིན། སེམས་ཅན་ཉེས་པར་སྤྱོད་པ་དག་ལ་དུས་དུས་སུ་རྗེས་སུ་འདོམས་ཤིང་སེམས་བཟང་པོས་གཏམ་དག་སྨྲས་ནས་དེ་དག་གི་དགེ་བ་ཡོངས་སུ་སྲུང་བར་བྱེད་པ་ཡིན། བདག་ཉིད་རྟག་པར་རབ་ཏུ་བརྩོན་པའི་སེམས་ཀྱིས་ཆོས་རྣམས་རྒྱ་ཆེར་གཉེར་ཞིང་གཞན་དག་ལ་བསྟན་ནས་སེར་སྣ་མེད་པར་གྱུར་པ་ཡིན་ཏེ། གླང་པོ་ཆེའི་ལག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན་ལྷ་རྣམས་ཀྱིས་ཀྱང་གོ་བར་བྱེད་ལ། བདག་ཉིད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ། །​དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་བརྟན་སེམས་ཀྱིས། །​བླ་མེད་ཐེག་ལ་རབ་གནས་ཤིང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-873#UT22084-042-002-873