Degé Kangyur volume 42, F.221.b

ཟེར་ན་དེ་ལ་འདི་སྐད་དུ་དྲིས་ཤིག །​ཅི་ཁྱོད་སྐུའི་མཚན་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བར་འདོད་དམ། དེས་གལ་ཏེ་འདི་སྐད་དུ་བདག་ནི་སྐུའི་མཚན་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་འདོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག །​དེ་བཞིན་གཤེགས་པས་གསུངས་པའི་གསུང་རབ་ལས་ནི་སྐུའི་མཚན་ལ་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་མ་གསུངས་ཏེ། གལ་ཏེ་སྐུའི་མཚན་ཡང་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བརྗོད་ན་ནི་གྱོ་མོ་དང་། རྡོ་དང་། རི་དང་། ཀླུང་དང་། རྩྭ་ཤིང་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཡིན་པར་འགྱུར་རོ། །​དེ་གལ་ཏེ་འདི་སྐད་དུ་གྱོ་མོ་དང་། རྡོ་དང་། རི་དང་། ཀླུ་དང་། རྩྭ་ཤིང་ཐམས་ཅད་ལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མེད་པས་དེ་བཞིན་གཤེགས་པ་ཞེས་མི་བྱའོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག །​ཁྱོད་ཀྱིས་སྨྲས་པ་ད་ལྟར་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པ་ཡིན་པའི་རིགས་སོ། །​དེ་ཅིའི་ཕྱིར་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་སོ། །​དེ་གལ་ཏེ་འདི་སྐད་དུ་མཚན་ནི་མཚན་གྱི་ཆོས་ལ་འཇུག་པར་འགྱུར་བས་མཚན་ཤེས་པའི་བྲམ་ཟེས་ཀྱང་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པའི་དངོས་པོ་དེ་བདེན་པས་སོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག །​གལ་ཏེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དེ་བཞིན་གཤེགས་པ་ཡིན་ན་ནི་ཁྱོད་བདག་ཉིད་ཀྱིས་མཚན་མཁན་གྱིས་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་མཐོང་བས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་པ་ཡིན་ནོ་ཞེས་སྨྲས་པས་དེང་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པའི་མཚན་ཤོད་ཅིག །​དེ་གལ་ཏེ་འདི་སྐད་དུ་བདག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅྭ་བརྒྱད་དང་། ཟག་པ་མེད་པའི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སོགས་པ་དེ་བཞིན་གཤེགས་པའི་མཚན་ཉིད་དུ་བསྟན་ཏོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས་སྨྲོས་ཤིག །​ཁྱོད་ཀྱིས་སྟོབས་བཅུ་ལ་སོགས་པ་ནི་དེ་བཞིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-867#UT22084-042-002-867