Degé Kangyur volume 42, F.218.a

མདོ་རྣམས་སུ་བསྒྲགས་པ་ཡང་བྱས་ནས་གསད་པའི་གནས་སུ་ཁྲིད་ནས་གསད་པར་བྱས་པ་ལས། དེའི་ཚེ་གསད་པ་ལ་ཐུག་པ་དེ་དག་གིས་རྒྱང་ནས་ལེགས་པར་རྙེད་པ་མཐོང་བ་དང་འདི་སྐད་ཅེས་སྨྲས་སོ། །​ཚོང་དཔོན་བདག་ཅག་ལ་མི་འཇིགས་པ་བྱིན་ཅིག །​བདག་ཅག་གསད་པའི་ཉེས་པ་ལས་སྐྱོབས་ལ་བདག་ཅག་ལ་སྲོག་བྱིན་ཅིག །​ཁྱོད་ནི་སྦྱིན་བདག་ཆེན་པོ་སྐྱེས་བུ་དམ་པ་ལགས་སོ། །​ལེགས་པར་རྙེད་པས་དེ་སྐད་ཅེས་སྨྲས་པ་ཐོས་པ་དང་གསད་པ་ལ་ཐུག་པ་དེ་དག་ལ་ཀྱེ་ཁྱེད་ལ་མི་འཇིགས་པ་སྦྱིན་ཞིང་ཁྱེད་གསད་པའི་ཉེས་པ་ལས་ཡོངས་སུ་བསྐྱབ་པར་བྱའོ་ཞེས་སྨྲས་ནས་གཤེད་མ་པ་དེ་དག་གི་དྲུང་དུ་སོང་ནས་རེ་རེ་ལ་ཡང་ནོར་བུ་རིན་པ་ཆེ་གསེར་སྲང་བྱེ་བ་རི་བ་རེ་རེ་བྱིན་ནས་ཁྱེད་ཅག་དེང་བདག་རྒྱལ་པོའི་དྲུང་ནས་སླར་མ་འོངས་ཀྱི་བར་དུ་སྐད་ཅིག་སྡོད་ཅིག་ཅེས་སྨྲས་ཏེ། དེ་ནས་ལེགས་པར་རྙེད་པ་མྱུར་ཞིང་རིངས་པར་རྒྱལ་པོའི་དྲུང་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །​རྒྱལ་པོ་ཆེན་པོ་བདག་ནི་རིན་པོ་ཆེ་བཟང་པོ་དག་གིས་མི་འདི་དག་གི་སྲོག་འཇལ་བར་འཚལ་ལོ། །​རྒྱལ་པོས་སྨྲས་པ། ལེགས་པར་རྙེད་པ་མི་འདི་དག་གི་ཉེས་པ་ནི་གཏང་དུ་མི་རུང་བས་བཙོང་དུ་མི་རུང་ངོ་། །​གལ་ཏེ་སྙིང་ཐག་པ་ནས་ཉོ་བར་འདོད་ན་ཁྱོད་ལ་ནོར་ཅི་བདོག་པ་ཟད་པར་ང་ལ་བྱིན་ལ་བདག་ཉིད་ཀྱང་ཤི་བར་ཁས་ལེན་ན་གདོད་གཏང་ངོ་། །​མཽད་གལ་དེའི་ཚེ་ལེགས་པར་རྙེད་པས་དེ་སྐད་སྨྲས་པ་ཐོས་པ་དང་རབ་ཏུ་དགའ་བར་གྱུར་ནས་བདག་ནི་རྙེད་པ་ཆེན་པོ་ཐོབ་པས་སྨོན་པ་རྣམས་ཡོངས་སུ་རྫོགས་པར་གྱུར་ཏེ་མི་འདི་དག་གི་སྐྱབས་བྱས་པར་གྱུར་པ་ནི་བདག་གི་ཡིད་ཚིམ་པར་གྱུར་ཏོ་ཞེས་དེ་ནས་ལེགས་པར་རྙེད་པས་མི་དེ་དག་བསྐྱབས་ཏེ་གསད་པའི་ཉེས་པ་ལས་ཐར་བར་བྱ་བའི་ཕྱིར་ཁྱིམ་ན་ནོར་ཅི་བདོག་པ་དང་། རྒྱ་མཚོ་ཆེན་པོ་ནས་ཐོབ་པའི་ནོར་བུ་རིན་པ་ཆེ་གསེར་དང་དངུལ་ལ་སོགས་པ་བྱེ་བ་སྟོང་ཕྲག་ཚད་མེད་པ་རྣམས་རྒྱལ་པོ་ལ་ཕུལ་ནས་འདི་སྐད་ཅེས་སྨྲས་སོ། །​རྒྱལ་པོ་ཆེན་པོ་མི་དེ་དག་གཏང་དུ་གསོལ། བདག་ལ་ནོར་ཅི་མཆིས་པ་ནི་བས་པར་འདིར་མཆིས་ལགས་སོ། །​རྒྱལ་པོས་ནོར་རྣམས་བླངས་ནས་གཤེད་མ་པ་དག་ལ་བསྒོ་བ། ལེགས་པར་རྙེད་པ་འདི་ཁྲིད་ལ་སོད་ཅིག །​ལྷ་དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh61.html?part=UT22084-042-002-860#UT22084-042-002-860