Degé Kangyur volume 90, F.67.a

སངས་རྒྱས་ཀྱི་ནི་གསུང་ཐོས་ནས། །​འཇིགས་དང་སྐྲག་དང་དངངས་གྱུར་ཏེ། །​ཐལ་མོ་སྦྱར་ནས་འཁོད་པར་གྱུར། །​འབྱུང་པོའི་ཚོགས་ནི་ལྷགས་པ་རྣམས། །​དངངས་འཁྲུགས་རོད་རོད་པོར་གྱུར་ནས། །​ཕྱོགས་བཅུར་རབ་ཏུ་འབྱེར་བྱེད་ཅིང་། །​སྒྲ་བོ་ཆེ་ཡང་སྒྲོགས་པར་བྱེད། །​རྒྱལ་པོ་ཆེན་པོས་དེ་ཤེས་ནས། །​གསང་བ་གསུམ་ནི་ཡང་དག་སྨྲ། །​ཀྱེ་མ་རིག་སྔགས་རིག་སྔགས་ཆེ། །​སྟོང་ཆེན་རབ་ཏུ་འཇོམས་བྱེད་པ། །​སངས་རྒྱས་ཀྱིས་ནི་གསུངས་པ་དེ། །​ཐོས་ནས་འབྱུང་པོ་སྐྲག་གྱུར་ཏེ། །​དཔེར་ན་རབ་ཏུ་འབར་མེ་དང་། །ཏིལ་མར་ངར་བཏགས་རལ་གྲི་བཞིན། །​གཽ་ཏ་མས་ནི་རབ་བཤད་པའི། །​རིག་སྔགས་སྤུ་གྲིའི་སོ་དང་འདྲ། །​དྲང་སྲོང་ཚིག་ནི་ལེགས་བཤད་པ། །​དེ་ལ་གང་ཞིག་མ་དད་ན། །​དེ་ཡི་བུ་ཡི་ཐུ་བོ་ནི། །​ཚངས་པའི་ཞགས་པས་མེད་པར་འགྱུར། །​མེ་ནི་རབ་ཏུ་འབར་བྱས་ནས། །བླ་དང་འོག་དང་ཕྱོགས་བཞིར་ཡང་། །​སྦྱིན་སྲེག་གི་ནི་ཆུས་གཏོར་ཏེ། །​ནས་དང་ཡུངས་ཀར་བླངས་ནས་སུ། །​མར་གྱི་སྙིང་པོ་དང་སྦྱར་ནས། །​མེ་ཡི་ནང་དུ་བླུག་པར་བྱ། །​ལེགས་པར་གསུངས་པ་འདི་ཐོས་ནས། །​གལ་ཏེ་མྱུར་དུ་མི་གཏོང་ན། །​ཐམས་ཅད་འབར་བར་འགྱུར་བ་ནི། །​མར་དང་ཡུངས་ཀར་མེར་བླུགས་བཞིན། །​གནོད་སྦྱིན་ཆད་པས་བསྡིགས་ནས་སུ། །​དེ་དག་བདེ་བ་མི་རྙེད་དེ། །​དེ་ཡི་རྩིབ་ལོགས་གཡས་པར་ནི། །​འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །​གནོད་སྦྱིན་ནད་ཀྱིས་བཏབ་པ་ན། །​ཤ་བཀྲའི་ནད་ཀྱིས་བཏབ་པར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །​གཞར་ཡང་འགྲོ་བར་མི་འགྱུར་རོ། །​ལུས་ངན་གྲོགས་དང་ལྡན་པ་ཡི། །​ཁྱིམ་ཡང་མཐོང་བར་མི་འགྱུར་ཏེ། །​འབྱུང་པོ་མང་པོ་ཚོགས་པ་ན། །​སྟན་ཡང་ཐོབ་པར་མི་འགྱུར་རོ། །​གནོད་སྦྱིན་དག་ནི་དཀྱིལ་འཁོར་དུ། །​ཟས་སྐོམ་དང་ཡང་འབྲལ་བར་འགྱུར། །​སྟོང་ཆེན་རབ་འཇོམས་མདོ་སྡེ་ལ། །​གནོད་སྦྱིན་གང་དག་མི་ཕྱོགས་པ། །​དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ། །​སྤྱི་བོ་དག་ནི་འགེམས་པར་འགྱུར། །​སྤུ་གྲིའི་སོ་ནི་རྩུབ་པོ་ཡིས། །​དེ་ཡི་ལྕེ་ནི་གཅོད་པར་འགྱུར། །​མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །​དེ་ཡི་སྣ་དང་རྣ་བ་གཅོད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh558.html?part=UT22084-090-002-800#UT22084-090-002-800