Degé Kangyur volume 88, F.186.b
གསང་བའི་རིག་སྔགས་ཀྱི་གཞི་ནི་འདི་ལྟ་སྟེ། ཨོྃ་ཨུཏྟིཥྛ་ཧ་རི་པིང་ག་ལ་ལོ་ཧི་ཏཱ་ཀྵ། དེ་ཧི་ད་དཱ་པ་ཡ་ཧཱུཾ་སྥ་ཊ་སྥ་ཊ་སརྦ་བིགྷྞཱཾ་བི་ནཱ་ཤ་ཡ་སྭཱ་ཧཱ། འཇམ་དཔལ་འདི་ནི་མེའི་སྙིང་པོའི་མཆོག་ལས་ཐམས་ཅད་བྱེད་པ་འདོད་པ་ཐམས་ཅད་སྟེར་བར་བྱེད་པ་ཡིན་ཏེ། དང་པོ་རེ་ཞིག་སྒྲུབ་པ་པོས་མེའི་སྙིང་པོ་འདི་ལན་ཅིག་བཟླས་པས། སྲེག་བླུགས་གསུམ་གྱིས་མེ་ལ་སྦྱིན་སྲེག་བྱས་ནས་མེ་སྤྱན་དྲང་བར་འགྱུར་རོ། །དེ་ལྟར་རབ་ཏུ་སྦྱར་ན་ཞི་བ་དང་རྒྱས་པ་དང་། དྲག་པོའི་ལས་དག་ལ་ཡམ་ཤིང་རྣམ་པ་གསུམ་དུ་འགྱུར་ཏེ། མྱ་ངན་མེད་ཤིང་ཞི་དོན་དུ། །རློན་པ་ཉིད་ནི་རབ་ཏུ་བསྔགས། །མཐོ་གང་འམ་ནི་ཁྲུ་གང་ཙམ། །སོར་གསུམ་སྲིད་དུ་བྱ་བ་ཡིན། །སྣུམ་པའི་རྣམ་པ་རབ་ཏུ་བསྔགས། །ཆོ་ག་འདི་ནི་བྱ་བ་ཡིན། །བུ་ག་མེད་ཅིང་ནང་སྟོང་མིན། །དེ་བཞིན་ནེ་ཙོའི་འདབ་མ་དང་། །ལྗང་དང་དཀར་བའི་ཁ་དོག་གམ། །ཁ་དོག་ནག་པ་སྤང་བར་བྱ། །སྲིན་བུ་རྣམས་ཀྱིས་ཟོས་པའང་སྤང་། །བུ་ག་ཡོད་པའང་རྣམ་པར་བཟློག །གཞན་ཡང་ཁ་དོག་རབ་བསྔགས་མིན། །ཐ་མ་ཉིད་ཀྱང་རྣམ་པར་སྤངས། །ཧ་ཅང་སྐམ་མིན་རློན་པའང་མིན། །ཚིག་མིན་ལས་ནི་བརྩམ་པར་བྱ། །རུལ་བ་དང་ནི་ཡོ་བའང་མིན། །ཤིན་ཏུ་རིང་བའང་སྤང་བར་བྱ། །དེ་ནས་མེ་ཐབ་བྱ་བ་ནི། །ཀུན་ནས་གྲུ་བཞིར་བྱ་བ་སྟེ། །འོག་ཉིད་དུ་ཡང་བརྐོ་བ་ནི། །འབད་པས་ཁྲུ་ནི་བཞི་ཡི་ཚད། །ཁྲུ་གསུམ་དང་ནི་ཁྲུ་གཉིས་དང་། །དེ་བཞིན་ཁྲུ་གཅིག་ཚད་དུ་བྱ། །རྟག་ཏུ་སྲོག་ཆགས་སྤངས་པ་དང་། །བྱེ་མས་ལེགས་པར་སྦྱར་བ་གང་། །དེ་ནས་པད་འདྲའི་ལན་ཀན་ནི། །ཀུན་ནས་དཀྱིལ་འཁོར་འདྲ་བའོ། །ཡང་ན་འབད་པས་ཟུར་བཞི་ཡང་། །དེ་བཞིན་ལན་ཀན་དབྱིབས་སུ་བྱ། །རྡོ་རྗེའི་རྣམ་པ་འདྲ་བ་ཡི། །རྩེ་མོ་གཉིས་སུའང་རྩེ་གསུམ་བྱ། །མེ་ཐབ་ཀྱི་ནི་ཐད་ཀ་ལ། །ཁྲུ་གཉིས་ཐད་ཀར་བྱ་བ་ཡིན། །གཙང་དང་དེ་བཞིན་གསལ་བའི་གནས། །ཆུ་ཀླུང་དེ་བཞིན་ཆུ་དབུས་དང་། །ཤིང་གཅིག་གི་ནི་ཕྱོགས་དག་དང་། །དུར་ཁྲོད་དང་ནི་ཁང་སྟོང་དུ། །སྦྱིན་སྲེག་ལེགས་པར་ཡང་དག་བརྩམ། །དེ་བཞིན་རི་བོའི་རྩེ་དག་ཏུའོ། །རྟག་ཏུ་ལྷ་ཁང་སྟོང་པ་དང་། །དགོན་པ་ཆེན་པོའང་དེ་བཞིན་ནོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh543.html?part=UT22084-088-038-19079#UT22084-088-038-19079