ཁང་པ་སྟོང་པའམ། གནས་དབེན་པར་གཞོལ་བའི་ས་ཕྱོགས་སུ་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་ལ་ནམ་ཕྱེད་དམ་དུས་ཐམས་ཅད་དུ་མངོན་པར་བྲི་བར་བྱའོ། །ཡི་གེ་གཅིག་པ་དེ་ཉིད་ཀྱི་སྔགས་ཀྱིས་མེ་ཏོག་གི་མཆོད་ཡོན་ཕུལ་ཏེ་གཤེགས་སུ་གསོལ་ལོ། །དཀྱིལ་འཁོར་ལ་ཆུས་གཏོར་བ་བྱས་ན་ནད་ཐམས་ཅད་བསྲུང་བ་ཆེན་པོ་བྱས་པར་འགྱུར་ཏེ་ནད་ཐམས་ཅད་ལས་གྲོལ་བར་ཡང་འགྱུར་རོ། །བུ་མེད་པས་ནི་བུ་རྙེད་ཅིང་། །སྐལ་མེད་རྣམས་ཀྱང་སྐལ་ལྡན་འགྱུར། །དབུལ་པོ་རྣམས་ཀྱིས་ནོར་འཐོབ་པ། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་སོ། །སྐྱེས་པའམ་ཡང་ན་བུད་མེད་ཀྱང་། །ཐོས་ནས་ཐེ་ཚོམ་མེད་བྱས་ན། །ཅི་འདོད་རྣམ་པ་སྣ་ཚོགས་ནི། །ཐོབ་འགྱུར་རྟག་ཏུ་ཕུན་སུམ་ཚོགས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོ་ག་རབ་འབྱམ་ལས། །འཇམ་དཔལ་གཞོན་ནུར་གྱུར་པའི་རྩ་བ་ལས་ཀྱི་དཀྱིལ་འཁོར་གསུམ་པའི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཐམས་ཅད་དང་ལྡན་པའི་གནས་གཙང་མ་ལ་གཟིགས་ནས། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་པ་ལ་ཡང་གཟིགས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་གཉིས་ལ་བཏུད་ནས་ཞལ་འཛུམ་པ་དང་ལྡན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་སྔགས་ཀྱི་སྤྱོད་པའི་ཆོ་གའི་སྒྲུབ་པའི་རྒྱུ་མཐུན་པ། ཆོས་ཀྱི་ཆར་ཅི་ལྟར་འདོད་པའི་འབྲས་བུ་སྒྲུབ་པའི་ཆོ་ག་རབ་འབྱམ་ལས་རས་ཀྱི་རི་མོའི་ཆོ་ག་བསོད་ནམས་བླ་ན་མེད་པ་སྐྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་མངོན་པར་སྒྲུབ་པར་བྱེད་པ། མདོར་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སྔགས་ཐམས་ཅད་ཀྱི་འབྲས་བུ་ལ་རབ་ཏུ་སྦྱོར་ཞིང་འབྲས་བུ་དང་བཅས་པར་བྱེད་པ། དོན་མེད་པ་མ་ཡིན་པ་གྲུབ་ཅིང་སྒྲུབ་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་གོ་ཆ་བགོས་པ། བདུད་ཐམས་ཅད་ཀྱི་སྟོབས་ཟིལ་གྱིས་མནན་ཅིང་རྒྱབ་ཀྱིས་ཕྱོགས་པར་བྱེད་པ་བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་དེ་ལེགས་པར་བཤད་དུ་གསོལ།