སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་ལ་བྱིན་གྱིས་བརླབས་པར་འགྱུར་ཞིང་། སློབ་དཔོན་དུ་དབང་བསྐུར་བ་སྦྱིན་ནོ། །དཀྱིལ་འཁོར་གསུམ་པ་ལ་ནི་རང་སངས་རྒྱས་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་ལ་ཕུལ་བའི་བུམ་པ་གང་བ་དེ་ཉིད་ཀྱི་ཆོ་གས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྔགས་རྒྱུད་དག་འདོན་པ་དང་། དཀྱིལ་འཁོར་བྲི་བ་དང་སྟོན་པ་དང་ཕྱག་རྒྱ་དང་སྤྱོད་པ་སྟོན་པ་དང་རང་ཉིད་སྤྱོད་ཅིང་སྟོན་པར་ཁྱོད་ལ་རྗེས་སུ་གནང་ཞིང་བརྗོད་པར་བྱ་བ་ཡང་ཚེ་འདི་ཉིད་ལ་ཡིན་ལ། ཕྱི་ནས་སྐྱེ་བ་བརྒྱུད་པ་དག་ལ་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་དང་རྣམ་པར་རྒྱལ་བའི་དབང་བསྐུར་བ་ཡང་སྔར་བསྟན་པའི་ཆོ་གས། སངས་རྒྱས་བཅོམ་ལྡན་འདས་ལ་སྔར་ཕུལ་བའི་བུམ་པ་དང་། བྱང་ཆུབ་སེམས་དཔའ་ལ་ཕུལ་བའི་བུམ་པ་གང་བས་ཀྱང་དེ་བཞིན་དུ་དབང་བསྐུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་། ཉན་ཐོས་རྣམས་ཀྱིས་ཀྱང་དེ་བཞིན་དུ་བརྗོད་པར་བྱ་ཞིང་ཁྱོད་ལ་རྗེས་སུ་གནང་བ་ཡིན་ནོ། །འབྱུང་པོ་ཐམས་ཅད་ཀྱིས་རབ་ཏུ་ཐུབ་པར་དཀའ་ཞིང་ལུས་ཅན་ཐམས་ཅད་ཀྱིས་མི་ཕམ་པ་དང་སྔགས་པ་ཐམས་ཅད་ལས་ཁྱོད་རྒྱལ་བ་དང་ཅི་ལྟར་འདོད་པ་སྒྲུབས་ཤིག་པའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་རེ་རེ་ལ་ཡང་ཅི་ལྟར་འདོད་པ་བཞིན་དུ་དབང་བསྐུར་བ་ལྔ་སྦྱིན་པར་བྱའོ། །སེམས་ཅན་རྣམས་ལ་ཡང་ལྔ་པོ་ཉིད་ཀྱིས་བྱའོ། །དེ་དག་མཐར་གྱིས་དཀྱིལ་འཁོར་ལ་བཅུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཕུལ་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་སླར་གཏང་བར་བྱའོ། །དེ་ལས་གཞན་པའི་ཉིན་ཞག་ལ་མཐར་གྱིས་སྔགས་ཀྱི་སྤྱོད་པ་ལ་བསླབ་པར་བྱ་ཞིང་སྦྱར་བར་བྱའོ། །སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྔར་ཕུལ་བའི་བུམ་པ་གང་བ་བླངས་ནས་དཀྱིལ་འཁོར་དུ་ཞུགས་པ་དེ་དག་ལ་ཆུ་ཁྱོར་བ་གསུམ་ཤར་དུ་མངོན་པར་བལྟ་བར་བྱས་ལ་བླུད་པར་བྱའོ།