Degé Kangyur volume 39, F.60.b

འདོད་ཆགས་དང་བྲལ་བའི་ཚིག་སྟེ་འདོད་ཆགས་དང་བྲལ་བ་ལ་ནི་ཚིག་འགའ་ཡང་མེད་དོ། །​འདོད་ཆགས་དང་བྲལ་བ་ཇི་ལྟ་བར་ཚིག་ཐམས་ཅད་ཀྱང་དེ་དང་འདྲ་སྟེ་འདི་ལྟར་ཚིག་རྣམ་པར་དག་པའི་ཕྱིར་ཚིག་ཐམས་ཅད་ནི་ཚིག་མེད་པ་ཡིན་ནོ། །​ཚིག་རྣམ་པར་དག་པ་གང་ཡིན་པ་དེ་ཡང་མྱ་ངན་ལས་འདས་པ་རྣམ་པར་དག་པ་ཡིན་ལ། མྱ་ངན་ལས་འདས་པ་རྣམ་པར་དག་པ་གང་ཡིན་པ་དེ་ཡང་ཚིག་རྣམ་པར་དག་པ་ཡིན་ཏེ། འདི་ལྟར་ཚིག་ཐམས་ཅད་ནི་བརྗོད་དུ་མེད་པ་ཡིན་ནོ། །​ངག་གང་གིས་ཚིག་རྗོད་པར་བྱེད་པ་དེ་ཡང་ཕྱོགས་བཅུར་མི་དམིགས་ཏེ་གང་གིས་བརྗོད་པ་དང་། གང་ལ་བརྗོད་པ་དང་། གང་བརྗོད་པ་དང་། ཅིས་བརྗོད་པ་དང་། ཇི་ལྟར་བརྗོད་པ་དེ་དག་ཐམས་ཅད་ཡོད་པ་མ་ཡིན་ནོ། །​གང་ཡོད་པ་མ་ཡིན་པ་དེ་ལ་ནི་མེད་པའི་དོན་དུ་རློམ་པར་ཡང་མི་བྱ། སྤྲོས་པར་ཡང་མི་བྱ་སྟེ། ཚིག་ཐམས་ཅད་ནི་རློམ་སེམས་མེད་པའི་ཚིག །​སྤྲོས་པ་མེད་པའི་ཚིག་ཡིན་ནོ། །​དེའི་ཕྱིར་རྣལ་འབྱོར་པ་ཚིག་དེ་དག་ཐམས་ཅད་ཡོངས་སུ་ཚོལ་ཞིང་རྣམ་པར་རྟོག་ན་འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་མྱ་ངན་ལས་འདས་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ནི་ཚིག་དེ་དང་ཐ་དད་པ་མ་ཡིན་ནོ། །​ཚིག་དེ་ཉིད་ཀྱང་བརྗོད་དུ་མེད་པ་ཡིན་ཏེ། འདི་ལྟར་ཚིག་ཀྱང་གཞན། ངག་ཀྱང་གཞན་ལ། ངག་གང་གིས་ཚིག་སྟོན་པའི་ངག་དེ་ནི་དབང་མེད་པ། གསོབ་འདྲིད་པ་སྟེ། སླུ་བའི་ཆོས་ཅན་ཡིན་ནོ། །​ཚིག་རྣམ་པར་དག་པ་བསྟན་པ་ལ་མཁས་པར་བྱ་བའི་ཕྱིར་གདགས་པ་མེད་པས་ཚིག་རྣམ་པར་རིག་པར་བྱེད་དེ། གང་འདོགས་པ་མེད་པ་དེ་ནི་འདོགས་པ་ཡིན་ནོ། །​གང་འདོགས་པ་དེ་ནི་ཚིག་ཐ་དད་པ་ཡིན་ནོ། །​གང་ཚིག་ཐ་དད་པ་དེ་ནི་རྣམ་པར་མི་རྟོག་པའོ། །​གང་རྣམ་པར་མི་རྟོག་པ་དེ་ནི་རྟོག་པ་སྤངས་ཤིང་ཆོས་ཉིད་འདིའི་ནང་དུ་ཡང་དག་པར་འདུ་བ་ཡིན་ནོ། །​དེ་ནི་རྣམ་པར་དཔྱོད་པ་མེད་པར་བྱ་བའི་ཕྱིར་གང་ལ་ཡང་ཐ་སྙད་ཀྱི་སྤྱོད་པ་ཀུན་ཏུ་མི་སྤྱོད་དེ། འདི་ལྟར་དེ་མི་སྤྱོད་རྣམ་པར་མི་སྤྱོད། ཡང་དག་པར་མི་སྤྱོད། ཉེ་བར་མི་སྤྱོད་དོ། །​གང་དག་དེ་ལྟར་གནས་པ་དེ་དག་ནི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་ཐེག་པ་པའོ་ཞེས་གསུངས་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-501#UT22084-039-002-501