Degé Kangyur volume 39, F.54.a

དེ་ལ་ཁྱོད་ཀྱིས་རླབས་པོ་ཆེའི་སེམས་བསྐྱེད་ནས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། རློམ་སེམས་མེད་པ་དང་། སྤྲོས་པ་མེད་པ་དང་། སེམས་ཅན་མེད་པས་ཆོས་རྣམས་ལ་འཇུག་ཅིང་སེམས་ཅན་རྣམས་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་བསྐྱེད་ནས་ཆོས་ཀྱི་སྒོ་འདི་དག་ལ་འཇུག་པར་བྱ། ཡང་དག་པར་འགྲོ་བར་བྱ། ངེས་པར་བརྟག་པར་བྱའོ། །​ཆོས་ཀྱི་སྒོ་རྣམས་ཀྱང་གང་ཞེ་ན། མི་ཤེས་པ་ལས་འདུས་བྱས་ཀྱི་ཆོས་ཐམས་ཅད་འབྱུང་བར་རྟོགས་པ་དང་། ཡེ་ཤེས་མཐོང་བ་ལས་འདུས་མ་བྱས་པའི་ཆོས་ཐམས་ཅད་འབྱུང་བར་རྟོགས་ནས་སྤྲོས་པ་མེད་པའི་ཡེ་ཤེས་ཀྱིས་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་རྣམས་ལ་ཡང་ཡང་དག་པར་འཇུག་པར་བྱ་ཞིང་ཡོངས་སུ་སྦྱང་བར་བྱ་བ་དང་། བགྲང་བ་མེད་པའི་ཆོས་ཀྱི་རྗེས་སུ་འཇུག་པས་གྲངས་རྣམས་ཀྱང་གྲངས་དང་ལྡན་པ་མེད་ཅིང་། གྲངས་རྣམས་ཀྱང་གྲངས་ལ་གནས་པ་མེད་པ་སྟེ། འདུས་མ་བྱས་པའི་སྒོ་ནི་ཆོས་ཀྱི་སྒོ་ཡིན་པས་ཆོས་ཀྱི་སྒོ་ནི་ཡོངས་སུ་དག་ཅིང་། ཆོས་སྣང་བའི་རྣམ་པ་ཀུན་འཛིན་པར་བྱེད་པ་སྟེ། རྗེས་སུ་གཟུང་བ་དང་། ཀུན་བཟུང་བའི་ཆོས་རྣམས་ཀྱང་ཆུད་ཟ་བར་མི་འགྱུར་བར་ཐབས་ལ་མཁས་པ་མངོན་པར་བསྒྲུབས་པའི་བློས་བརྗོད་ཅིང་སྟོན་པར་བྱེད་དོ། །བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་སྒོར་འཇུག་པ་དང་། གང་དག་གིས་བློའི་རབ་ཏུ་དབྱེ་བ་རྒྱ་ཆེར་མངོན་པར་འཕགས་པར་འགྱུར་བ་དང་། ཡེ་ཤེས་ཀྱི་ངེས་པའི་ཚིག་གི་དོན་ཐམས་ཅད་བསྟན་པའོ། །​བཀོད་པ་མཐའ་ཡས་དེ་ལ་གང་གིས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀུན་འཛིན་པ་ལ་མཁས་པར་འགྱུར་བའི་གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་གང་ཞེ་ན། བཀོད་པ་མཐའ་ཡས་འདི་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པའི་ཡེ་ཤེས་ལ་མཁས་པ་ལ་གནས་པ་དང་། སྤོབས་པའི་ཡེ་ཤེས་ལ་གནས་ནས་དོན་གྱི་རྗེས་སུ་སོང་བའི་བློས་ཆོས་རྣམས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་ལ་རྣམ་པར་ལྟ་ཞིང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གནས་པ་མེད་པ། མིང་མེད་པ། མཚན་མ་མེད་པ། མཉམ་པ་མེད་པ། འཐུན་པ་མེད་པ། གཟུགས་མེད་པ་མ་ཡིན་པ་སྟེ་དེ་དག་ནི་བརྗོད་དུ་མེད་པ་ལས་ཡང་དག་པར་བགྲོ་བ་བཀྲི་བའི་ཚིག་གིས་བསྟན་ཏེ།The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-488#UT22084-039-002-488