Degé Kangyur volume 39, F.50.b

ཆོས་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པས་རྣམ་གྲངས་སུ་བསྟན་ཏེ་གསུངས་པས་ན་གང་རྣམ་གྲངས་སུ་བསྟན་ཏེ་གསུངས་པའི་ཆོས་དེ་ལ་ནི་ཆོས་དང་ཆོས་མ་ཡིན་པའི་གནས་སྐབས་སུ་གདགས་པ་མེད་པའི་ཕྱིར་རོ། །​རྗེས་སུ་བཏགས་པའི་ཆོས་ཐམས་ཅད་ནི་དོན་དམ་པར་ཡང་དག་པ་ཉིད་དུ་ན་གདགས་སུ་མེད་དེ། ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཞོལ་བར་དེ་བཞིན་གཤེགས་པས་གསུངས་སོ། །​ཆོས་དང་ཆོས་མ་ཡིན་པ་རྣམས་ནི་རྣམ་པར་རྟོག་པས་ཉེ་བར་གནས་པར་བྱས་པ་མ་ཡིན། རྣམ་པར་མི་རྟོག་པས་ཀྱང་མ་ཡིན་ནོ། །​ཆོས་ཐམས་ཅད་ནི་རྟོག་པ་ཇི་ལྟ་བ་བཞིན་དུ་མཉམ་པ་ཉིད་ཡིན་པས་རྣམ་པར་མ་བརྟགས་པའོ། །​ཆོས་ཐམས་ཅད་ནི་ཁྱད་པར་ཁོང་དུ་ཆུད་པས་ཁྱད་པར་མེད་པའོ། །​ཆོས་ཐམས་ཅད་ནི་བྱུང་བ་མེད་པས་མ་བྱུང་བའོ། །​ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་ཡོངས་སུ་བརྟགས་ཤིང་ཀུན་ནས་བསླང་བས་དངོས་པོ་མེད་པའོ། །​ཆོས་ཐམས་ཅད་ནི་ཀུན་ནས་སློང་བ་ལ་རག་ལས་པས་ཀུན་ནས་ལྡང་བ་མེད་པའོ། །​ཆོས་ཐམས་ཅད་ནི་ཕན་ཚུན་རྡོབ་པ་མེད་པས་འཇུག་པ་མེད་པའོ། །​ཆོས་ཐམས་ཅད་ནི་བཏང་སྙོམས་ཡོངས་སུ་རྫོགས་པས་ལྟོས་པ་མེད་པའོ། །ཆོས་ཐམས་ཅད་ནི་བླང་བ་དང་དོར་བ་མེད་པས་རྗེས་སུ་སྦྱོར་བ་མེད་པ་སྟེ་འདིར་ནི་སྨོན་ལམ་གྱི་ཁྱད་པར་གྱི་ལས་བྱེད་དོ། །​ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང་། ཆོས་ཀྱི་ངོ་བོ་ཉིད་ལས་ཤིན་ཏུ་འདས་པས་བདག་གི་བ་མེད་པའོ། །​ཆོས་འདི་དག་ཐམས་ཅད་ནི་སྤྲོས་པ་མེད་པས་ཁྱད་པར་མེད་ཅིང་མཉམ་པའོ། །​ཆོས་འདི་དག་ནི་ཇི་ལྟར་སྨོན་པ་དེ་ལྟར་ཡང་དག་པར་འགྲུབ་ཀྱང་དེ་ལ་སྨོན་པར་བྱེད་པ་གང་ཡང་མེད་པའོ། །​ཆོས་འདི་དག་ཐམས་ཅད་ནི་རག་ལས་པ་ལས་གཞོལ་བས་ཅི་ཡང་མ་ཡིན་པའོ།​། །​དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་འདི་དག་ཐམས་ཅད་ནི་རྨི་ལམ་དང་སྒྱུ་མའི་རང་བཞིན་ལྟ་བུར་བསྟན་ཏེ་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ལ་ནི་རབ་དང་འབྲིང་དང་ཐ་མར་དབྱེ་བ་ཆུང་ཟད་ཀྱང་མེད་དོ། །​དེ་ལྟ་བས་ན་ངེད་ནི་སྨོན་ལམ་རྣམ་པར་དག་པས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་སྨོན་ལམ་རྒྱ་ཆེན་པོ་དག་ལ་རབ་ཏུ་བཀོད་ནས་ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་པ་ལ་རབ་ཏུ་དགོད་པ་མཛད་དོ།

PreviousNext


The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-481#UT22084-039-002-481