Degé Kangyur volume 39, F.95.a

ང་རྒྱལ་མེད་པ་ཡང་འཐོབ་པར་འགྱུར། རྗེས་སུ་ཆགས་པ་དང་། །​ཁོང་ཁྲོ་བ་ཡང་སྤོང་བར་འགྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བསྔགས་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཡང་འགྱུར། དབང་བླ་ན་མེད་པ་ཡང་བྱེད་པར་འགྱུར། ཡེ་ཤེས་ཆགས་པ་མེད་པ་བསྟན་པ་ལ་ཡང་དགའ་ཞིང་སྤོབས་པ་འཐོབ་པར་འགྱུར། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་རྣམ་པར་དག་པ་ཤེས་པ་ཡང་ཀུན་འཛིན་པར་འགྱུར། དབུས་ངེས་པར་ཞི་བ་ཡང་རྗེས་སུ་དྲན་པར་འགྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་བརྟེན་ནས་སྨོན་ལམ་གྱི་ཁྱད་པར་ཡང་རྟོགས་པར་འགྱུར། སྨོན་ལམ་ཡོངས་སུ་དག་པ་ཡང་ཐོབ་པར་འགྱུར། ཆོས་ཐམས་ཅད་ཤེས་པ་ལ་མཁས་པ་ཐུན་མོང་མ་ཡིན་པ་ཡང་ཀུན་འཛིན་པར་འགྱུར། ཚིག་བཙུན་ཞིང་ཆོས་ཀྱི་ཆར་ཆེན་པོ་ཡང་འབེབས་པར་འགྱུར་རོ། །​བཀོད་པ་མཐའ་ཡས་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཁྱད་པར་ཐོབ་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཞིང་ཆོས་ཐམས་ཅད་རྣམ་པར་དག་པ་ཡང་ཀུན་ཏུ་འཛིན་པར་འགྱུར་ལ་འདི་ལྟར་ཆོས་ཐམས་ཅད་ནི་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ་ཞེས་བྱ་བའི་ཆོས་ཤེས་པ་ཡང་མངོན་པར་སྒྲུབ་པར་འགྱུར། འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་མ་བྱུང་བ་ལས་བྱུང་བ། བྱུང་ནས་ཀྱང་ཡོངས་སུ་གྲུབ་པར་མི་འགྱུར་གྱི། ཡོངས་སུ་མ་གྲུབ་པ་ཁོ་ནར་འབྲལ་བར་འགྱུར་བས་འབྲལ་བའི་ཆོས་སུ་ཡང་དག་པར་འདུ་ཞིང་འབྲལ་བའི་སྒོ་ཅན་ནོ་ཞེས་བྱ་བར་ཆོས་ཤེས་པ་ཡང་ཐོབ་པར་འགྱུར་རོ། །​བྲལ་བ་ནི་མི་སྐྱེ་བའི་མཚན་ཉིད་དུ་ཡང་དག་པར་འདུའོ། །​ཆོས་ཐམས་ཅད་མི་སྐྱེ་བའི་མཚན་ཉིད་གང་ཡིན་པ་དེ་ནི་འགོག་པའི་མཚན་ཉིད་དང་། འདོད་ཆགས་དང་བྲལ་བའི་མཚན་ཉིད་དེ། དེ་ལྟར་མངོན་པར་སྒྲུབ་པ་ནི་མངོན་པར་ཞེན་པར་ཡང་མི་བྱེད་སྤྲོས་པར་ཡང་མི་བྱེད་དོ། །​བཀོད་པ་མཐའ་ཡས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མི་སྐྱེ་བ་ཤེས་པའི་སྒོ་ལ་མཁས་པ་ཡོངས་སུ་རྟོགས་པའི་གཟུངས་ཀྱི་སྒོར་འཇུག་པ་ཡིན་ཏེ། དེས་ན་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་པར་འགྱུར།The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh46.html?part=UT22084-039-002-570#UT22084-039-002-570