Degé Kangyur volume 80, F.307.b

དུ་མིའི་ཐོད་པའམ། རྫ་ལས་བྱས་པ་སྦྱིན་པར་བྱའོ། །​ཨོྃ་བཛྲ་ཀ་པཱ་ལ་སརྦྦ་ཤ་ཏྲུ་ཎཱཾ་རཀྟཾ་དྷཱ་ར་ཡ་དྷཱ་ར་ཡ་ཧཱུྃ་ཕཊ། དེ་ནས་བཅོམ་ལྡན་འདས་མའི་ཕྱག་རྒྱ་རུ་རྣམ་པར་བཀོད་ནས། དེའི་རྣམ་པར་དམིགས་ཏེ། ཨོྃ་ཧེ་ཤྲཱི་དྭེ་ཥ་བཛྲི་སིདྡྷེ་སྟྭཾ་ཧཱུྃ་ཕཊ། དེ་བཞིན་དུ་བུད་མེད་ནི་ནག་མོ་ལ་སོགས་པའི་ཁ་དོག་གི་དབྱེ་བས་རྣལ་འབྱོར་མ་ལྔ་པོ་རྣམས་ཀྱི་མིང་གི་དབང་བསྐུར་བར་བྱའོ། །​འདིར་ཤེས་རབ་ཀྱི་དབང་བསྐུར་བའི་གནས་སུ་ཐབས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་སོ། །​དེ་ནས་གསང་བའི་དབང་བསྐུར་བར་གྱུར་པ་ནི་བླ་མ་ལ་སློབ་མས་གོས་ལ་སོགས་པས་ཡང་དག་པར་མཆོད་ནས། དེ་ལ་རང་ཡིད་དུ་འོང་བའི་གཟུགས་དང་། ལང་ཚོས་བརྒྱན་པའོ་ཤེས་རབ་མ་དབུལ་བར་བྱའོ། །​ཁྱོད་ལ་འདི་ནི་འབུལ་ལགས་ཀྱིས། །​འདོད་ཀུན་བདེ་བར་རབ་ཏུ་སྩོལ། །​བདག་ནི་འདོད་པའི་བདེ་དོན་ཕྱིར། །​མགོན་པོ་ཁྱོད་ཀྱིས་བརྩེ་བས་ཟུང་། །​དེ་ནས་བླ་མ་ལ་ཕྱག་འཚལ་ནས་སློབ་མ་ཕྱིར་བྱུང་སྟེ། ཨོྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་པའི་སྔགས་བཟླས་ཤིང་གནས་པར་བྱའོ། །​ཡང་བླ་མས་ཆང་དང་ཤ་ལ་སོགས་པ་རྣམས་ཀྱིས་བདག་ཉིད་མཆོད་ནས། ཤེས་རབ་ཀྱང་ཚིམ་པར་བྱས་ཏེ། ཡང་དག་པར་སྦྱོར་བ་ལས་ཉེ་བར་བྱུང་བའི་དཀར་དམར་ལོ་མའི་སྐྱོང་བུ་ལ་སོགས་པར་བཞག་ནས་སློབ་མ་བོས་ཏེ། དེའི་ལྕེ་ལ་མཐེ་བོང་དང་མིང་མེད་ཀྱིས་རྫས་བཟུང་ནས། ཧཱུྃ་ཕཊ་ཀྱི་ཡི་གེ་བྲི་བར་བྱའོ། །​དེ་ནས། ཨ་ཧོ་སུ་ཁྃ་ཞེས་བརྗོད་པར་བྱའོ། །​དེ་ནས་འདི་བརྗོད་པར་བྱ་སྟེ། དེ་རིང་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་པར་བྱ་ཡིས། གང་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་གྱིས། འོན་ཀྱང་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་འདི་སྨྲ་བར་མི་བྱའོ། །​དེ་ནས་སློབ་མའི་སྙིང་གར་རལ་གྲི་བཞག་ནས། འདི་སྐད་བརྗོད་པར་བྱ་སྟེ། གལ་ཏེ་སྨྲས་ན་དེ་ཡི་ཚེ། །​ཤིན་ཏུ་རྣོ་བའི་རལ་གྲི་འདི། །​ཁྲོ་བོ་གཏུམ་པོའི་ཕྱག་ན་གནས། །​གང་གིས་དམ་ཚིག་འཇིག་བྱེད་པ། །​དེ་ལ་འདི་ཡིས་མཆོག་ཏུ་གཅོད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh431.html?part=UT22084-080-015-2585#UT22084-080-015-2585