ཡི་གེ་རྣམས་ཀྱི་མཐར་སྦྱོར་ལ། །ས་བོན་ལྔས་ནི་རབ་དགང་བྱ། །ཡི་གེ་ཡིས་ནི་རྣམ་བསྒོམས་ཏེ། །པདྨ་རབ་ཏུ་རྒྱས་པར་བྱ། །ཅི་སྟེ་རྡོ་རྗེ་ཅན་འགྲུབ་འདོད། །དེ་ལྟའི་སྦྱོར་བ་ཀུན་ཤེས་བྱ། །དེ་ནས་འདིར་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དགོངས་པ་དཔལ་རྡོ་རྗེའི་གྲས་སྲིད་པ་ཤིན་ཏུ་སྒྲུབ་པ་བླངས་པ། ཀྱེ་གྲོགས་པོ་རྡོ་རྗེས་པདྨ་ཁ་འབྱེད་སད་མཛད་མ། །ཨ་ལ་ལ་ཧོ། བདེ་བ་ཆེན་པོ་གར་གྱིས་རབ་ཏུ་མཉེས་མཛོད་ཅིག །ཉི་མའི་དཀྱིལ་འཁོར་པདྨའི་ཁ་ནི་རབ་ཕྱེ་བ། །བདེ་བ་ཆེན་པོ་གར་གྱིས་རབ་ཏུ་མཉེས་པར་མཛོད། །རྡོ་རྗེ་འཛིན་པ་ཆེན་པོ་ལ། །དེ་ནས་འདིར་གླུ་བླངས་ཙམ་གྱིས། །རྡོ་རྗེ་མཁའ་འགྲོ་མ་རྣམས་གར། །རྡོ་རྗེ་སེམས་དཔའ་ཡང་དག་བསྐུལ། །དེ་ལྟར་རྟག་ཏུ་གུས་ལྡན་པས། །སྦྱོར་བའི་དངོས་གྲུབ་འགྱུར་བ་ཡིན། །དུས་བཞིར་རབ་ཏུ་སྦྱོར་བ་ཡིས། །འགྲུབ་པར་འགྱུར་བ་བསྒོམ་པའི་མཆོག །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །སྤོས་དང་མེ་ཏོག་རྣམས་ཀྱིས་བརྒྱན། །ཇི་ལྟར་སྐུ་གསུམ་མཆོག་སྟེར་བའི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །འདི་ནི་རབ་ཏུ་སྣང་བར་བྱེད། །དབང་པོ་གཉིས་ནི་རབ་སྦྱོར་བས། །སྒོ་དགུ་ལས་ནི་བྱུང་བའི་རྫས། །སངས་རྒྱས་བྱང་ཆུབ་གནས་ཞི་བའི། །དེ་ཉིད་བླ་ན་མེད་པ་འགྲུབ། །འདིར་ཚིགས་བཅད་དུ་འགྱུར་བ་ནི། །གཟུགས་རྣམས་དེ་བཞིན་ཕྱག་རྒྱ་མཚན་མ་དང་། །རྫས་རྣམས་དང་ནི་བསམ་གཏན་རྣམ་སྒོམ་པའི། །ཆོ་གའི་ཐབས་ནི་སྣ་ཚོགས་བསྟན་པ་དང་། །ལྷ་མོ་ཡིད་འདོད་རྣམས་ནི་གསུངས་པའོ། །གང་གི་ཁྱིམ་དུ་རྒྱུད་འདི་གནས་པ་དང་། རྒྱུན་དུ་འཆང་བ་དང་། ཀློག་པ་དང་། རྣམ་པར་བསྒོམ་པ་དེ་ལ་ནད་རྣམས་འབྱུང་བར་མི་འགྱུར་ཞིང་། རྒས་པ་དང་། བགེགས་མི་འབྱུང་ལ། འཆི་བར་མི་འགྱུར་ཏེ། རྒྱུན་དུ་ཐམས་ཅད་དུ་རྣལ་འབྱོར་མའི་དབང་ཕྱུག་མ་རྣམས་ཀྱིས་བགགས་བསྲུང་བར་འགྱུར་རོ། །རྡོ་རྗེ་རྣལ་འབྱོར་མ་ཆེན་མོ་རྣམས་ཀྱི་དགོངས་པ་མཆོག་ཏུ་གསང་བ་གསང་བ་ཆེན་པོ་ཉེ་བར་སྤྱོད་པ་དང་བཅས་པའི་སྒྲུབ་ཐབས་ཏེ་ལེའུ་གསུམ་པའོ།