Degé Kangyur volume 79, F.121.a

ན། ཉི་མ་བདུན་གྱིས་སྐྲོད་པར་འགྱུར་རོ། །​ཧ་ལི་ནི་དང་། ཕག་གི་རྟུག་པ་དང་། རོའི་མགོ་སྐྱེས་དང་། མགྲིན་རིངས་ཀྱི་རུས་པ་རྣམས་གནས་གསུམ་གྱི་སྦྱོར་བའི་མཆོག་སྟེ། ཉི་མ་བདུན་གྱིས་སྐྲོད་པར་བྱེད་དོ། །​རྟ་གསོད་པ་དམར་པོའི་མེ་ཏོག་དང་། བྷལླཱ་ཏ་ཀ་དང་། སྟར་བུ་རྣམས་ཀྱིས་མེ་ལོང་ལ་བསྐུས་ན་རྟ་དང་། བོང་བུ་དང་། རྔ་མོ་ལ་སོགས་པའི་གཟུགས་མཐོང་བར་འགྱུར་རོ། །​རྟ་དང་། བ་གླང་དང་། ཕག་དང་། །​སྤྲེའུ་དང་། བོང་བུ་དང་། རྔ་མོའི་ལག་སྐྱེས་རྣམས་ཁ་སྦྱོར་དུ་མེས་བསྲེགས་ནས་སྦལ་པའི་ཚིལ་བུ་བསྲེས་པས། དེ་རྣམས་ཀྱི་གཟུགས་སྔ་མ་བཞིན་དུ་མཐོང་བར་འགྱུར་རོ། །​ཨཾ་ཀོ་ཊ་ཀའི་ས་བོན་གྱི་མར་ཁུ་དང་། བའི་འོ་མ་དང་། མིག་སྨན་གྱི་འབྲས་བུས་བྱུགས་ནས་གང་ཞིག་སྲིད་པའི་མཐའི་གཟུགས་རྣམས་མེ་ལོང་གི་དབུས་སུ་མིག་སྨན་གྱིས་བྱུགས་པའི་མིའི་མིག་གིས་མཐོང་བར་འགྱུར་རོ། །​ཏ་ཀ་པའི་འབྲས་བུ་དང་། ཨཾ་ཀོ་ཊའི་འབྲས་བུ་དང་། མར་ཁུའི་ཚིགས་མས་རང་བཞིན་གྱིས་གནས་པའི་སྐྱེས་བུ་བཟང་པོ་མཐོང་བར་འགྱུར་ཏེ། ཏ་ཀ་རའི་མིག་སྨན་གྱིས་བྱུགས་པས་མི་མཐོང་བར་འགྱུར་རོ། །​རི་བོང་ཅན་གྱི་ཆུ་དང་། ཛ་ལུ་ཀ་དང་། སྦལ་པའི་མར་ཁུ་དང་། པཱ་ཊ་ལིའི་རྩ་བས་རྐང་པའི་མཐིལ་བྱུགས་ན། སྐྱེས་བུ་མེ་མ་མུར་གྱི་ཚོགས་ལ་འགྲོ་བར་འགྱུར་རོ། །​ཤྲ་མ་ཎི་ཀ་དང་། སྦལ་པའི་ཚིལ་བུ་དང་། ཛ་ལུ་ཀ་དང་། ཟླ་བ་ལས་བྱུང་བ་དང་ལྡན་པས་ལག་པ་དང་། རྐང་པ་བྱུགས་ན་མེ་ཁ་བ་ལྟར་བསིལ་བར་བྱེད་པར་འགྱུར་རོ། །​ཁའི་ནང་དུ་དུནྡུ་བའི་རིན་པོ་ཆེ་བཅུག་སྟེ། ཆུར་ཞུགས་ན་ཤཱཀྱའི་གནས་ཀྱི་ནང་དུ་ཞུགས་པ་ལྟ་བུར་བློ་དང་ལྡན་པར་འདོད་པས་གནས་སོ། །​སོ་ན་ཀའི་ས་བོན་གྱིས་རྐང་པའི་ལྷམ་ཟུང་བྱས་ན་ཆུའི་སྟེང་དུ་སྐྱེས་བུ་ཤིན་ཏུ་རྣམ་པར་དག་པ་གྲུ་ལྟ་བུར་འཆག་ཅིང་འགྲོ་བར་འགྱུར་རོ། །​མར་སར་དང་། བཙག་སྐྱ་བོ་དང་། དྲི་ང་བ་དང་། ཉའི་མར་ཁུའི་ཚིགས་མས་བུག་པ་ཐམས་ཅད་བྱུགས་ན། སྐྱེས་པ་བློ་དང་ལྡན་པ་ཆུ་སྲིན་ལྟ་བུར་རྒྱུ་བར་འགྱུར་རོ། །​ས་བོན་དང་། ཀ་ན་ཀའི་དྲུངས་པ་ཆེན་པོའི་སྲིན་བུའི་ཕྱེ་མ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9096#UT22084-079-008-9096