Degé Kangyur volume 79, F.134.b

མི་བྱའོ། །​སྐྱེས་བུ་དགྲ་ལས་རྒྱལ་བ་ཞེས་བྱ་བའི་འཁོར་ལོའོ། །​ཡང་ན་ཟངས་ཀྱི་འདབ་མ་ལ་སྐར་མ་རྒྱལ་ལ་བརྐོ་བར་བྱ་ཞིང་། དེ་ཉིད་ཀྱི་སྔགས་བསྒྲུབ་བྱ་ནང་དུ་བཅུག་ཅིང་སྒོ་དང་བྲལ་བ་སྟེ། ཆུར་གཞག་ཅིང་དུས་གསུམ་དུ་མཆོད་པ་བྱས་ན་དེ་ནས་དགྲ་ཐམས་ཅད་རེངས་པར་བྱེད་དོ། །​སྔགས་པས་མཉམ་པར་གཞག་པས་ཆོ་ག་བཞིན་དུ་མཚོ་སྐམ་པ་མེད་པར་བཅུག་ན་ཞི་བར་བྱེད་དོ། །​དེ་ནས་གཞན་ཡང་འཁོར་ལོར་གྱུར་པ་གྲུ་བཞི་པ་དང་། སྒོ་བཞི་པ་དང་། རིག་བྱེད་ལ་དེ་བཞིན་དུ་རྡོ་རྗེས་མཚན་པའོ། །​སྒོ་ལ་རྡོ་རྗེ་ཐོ་བ་དང་། རིན་ཆེན་དབྱིག་ཏོ་དང་། པདྨ་དང་། དེ་བཞིན་དུ་རྡོ་རྗེ་རལ་གྲིའོ། །​མཚམས་སུ་ཐོད་པ་དཀར་པོ་གནས་པའི་ཨུཏྤ་ལ་དང་ལྕགས་ཀྱུའོ། །​དེ་བཞིན་དུ་དེའི་དབུས་སུ་པདྨ་འདབ་མ་བཅུ་པ་ལ་མཁས་པས་ཡི་གེ་དགོད་པར་བྱ་བ་ཡིན་ནོ། །​དེའི་ལྟེ་བ་ལ་སྔགས་ཀྱི་མཆོག་འདི་བྲི་བར་བྱ་སྟེ། འདི་ལྟ་སྟེ། ཨོཾ་པྲ་སནྣ་ཏ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ་ལོ་ཙ་ནེ་སརྦྦ་ཨརྠ་ས་དྷ་ནི་སྭཱ་ཧཱ། དབང་གི་སྔགས་འདི་བྲི་བར་བྱའོ། །​དེ་ནས་གདུག་པ་ཐམས་ཅད་ཟློག་པར་བྱེད་པའི་སྔགས་འདི་བཀའ་སྩལ་པ། ཨོཾ་སརྦྦ་མོ་ཧ་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱ་ནཱཾ་མོ་ཧ་ཡ་མོ་ཧ་ཡ། བྷ་ག་བ་ཏི་སརྦྦ་དུཥྚཱ་ནཱཾ། བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེའི་དབུས་སུ་ཟླ་བ་བྱ་ཞིང་ཟླ་བའི་དབུས་སུ་བཞི་པའི་དང་པོ་ཟེ་བའི་དབྱིབས་སུ་ཟླུམ་པོའི་རྣམ་པ་བྲི་བར་བྱའོ། །​དེའི་དབུས་སུ་རྩི་བས་དྲུག་པ་བྱ་ཞིང་། དེ་ནས་སྔགས་རིག་པས་ཡི་གེ་དྲུག་ཧྲཱིཿའི་ཆོ་གས་ནང་དུ་ཆུད་པར་བྱས་ན་ཕ་རོལ་གྱི་དཔུང་ཐམས་ཅད་ལས་རྒྱལ་བ་སྒྲོལ་མ་འབྱུང་བ་ཞེས་བྱའོ། །​འདི་འབུམ་བཟླས་པས་ས་གཡོ་བ་དང་། རྒྱ་མཚོ་དང་མཚོ་ལ་སོགས་པ་བསྐམ་པར་འགྱུར་བ་དང་། དུག་བདུད་རྩིར་བྱེད་པར་འགྱུར་བ་དང་། བདུད་རྩི་ཡང་དུག་ཏུ་བྱེད་པར་འགྱུར་རོ། །​གྱོ་མོ་ལ་མངོན་པར་བསྔགས་ནས་སྟེང་དང་། འོག་དང་། ཕྱོགས་དང་། མཚམས་སུ་གཏོར་བ་བྱས་ན་ལྷ་ཐམས་ཅད་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། མིའམ་ཅི་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9123#UT22084-079-008-9123