།བདེ་བ་མི་ཡིས་རྙེད་མི་འགྱུར། །དེ་ཕྱིར་སྔགས་པས་གང་ལ་ཡང་། །ལས་རྒྱས་དང་པོར་གང་བྱ་མིན། །གལ་ཏེ་བྱེད་པར་འདོད་ན་ནི། །དེ་ཚེ་གཅིག་པུ་གཉིས་མེད་བྱ། །དེ་ཚེ་སྔགས་པས་ལས་ཀུན་འགྲུབ། །བདུན་པ་ལས་སྦྱིན་སྲེག་གི་ཆོ་ག་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།ལྷ་ལགས་ཉན་པར་འཚལ་ལགས་ན། །སྔགས་བཏུའི་ཆོ་ག་ཇི་ལྟར་ལགས། །དེ་རྣམས་དབྱེ་བ་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྷ་མོ་ཤེས་རབ་ཆེན་མོ་ཉོན། །དེ་ཡི་སྔགས་ནི་ཁྱོད་ལ་བཤད། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །གསང་བའི་པདྨ་མཱ་མ་ཀཱི། །པདྨ་འདབ་མ་བརྒྱད་བྱས་ནས། །ལྟེ་བ་སྦས་པའི་སྤྱོད་ཡུལ་དུ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །དེར་གནས་དཔའ་བོ་བཏུ་བར་བྱ། །ཨ་ལ་སོགས་པའི་རབ་དབྱེ་བས། །སྔགས་ཀྱི་སྡེ་ཚན་དབང་ཕྱུག་མཆོག །དང་པོ་ཡི་ནི་གཉིས་པ་དང་། །སྟོང་པས་སྟོང་པ་མནན་པ་ཉིད། །བདུན་པ་ཡི་ནི་གསུམ་པ་ལ། །བཅྭ་ལྔ་ཟླ་བ་ཕྱེད་བས་བརྒྱན། །བྱང་ཆུབ་ས་བོན་དེ་ནས་བླངས། །བཅྭ་ལྔ་ཡིས་ནི་རྣམ་པར་མཆོད། །འདི་དག་སྙིང་པོར་ཡང་དག་གསུངས། །ཉེ་སྙིང་ཁྱོད་ལ་བཤད་པར་བྱ། །བདུན་པ་ཡི་ནི་གཉིས་པ་ནི། །རྡོ་རྗེ་མཁའ་འགྲོ་མ་དང་ལྡན། །ཉིས་འགྱུར་ཨུཥྨ་རྣམས་ཀྱི་ནི། །གསུམ་པ་བླངས་ནས་དྲུག་པ་ཡི། །གཉིས་ལྡན་དབྱངས་ཀྱི་ལྔ་པས་ནི། །སྦྱར་ཞིང་གང་ཞིག་མཐར་གནས་པའི། །གཉིས་པར་ལྔ་པ་སྟན་དུ་བྱ། །གསུམ་པ་ཡི་ནི་གསུམ་པ་ལ། །ཉི་ཤུ་རྩ་དགུ་པ་ཡི་གདན། །གང་ཞིག་བདུན་པའི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོ་ཉིད། །དབྱངས་ཀྱི་གསུམ་པས་སྦྱར་བར་བྱ། །བརྒྱད་པ་ཡི་ནི་གཉིས་པ་ལ། །བཅུ་གཉིས་པ་ཡིས་སྟན་དུ་བྱ། །སུམ་ཅུ་རྩ་གཉིས་བླངས་ནས་ནི། །དཀར་མོ་དེ་ལ་སྦྱར་བར་བྱ། །གང་ཞིག་ལྔ་པའི་གསུམ་པ་ལ། །དེ་ཉིད་བཞི་པ་འོག་ཏུ་སྦྱིན། །མཐར་གནས་གསུམ་པ་བླངས་ནས་ནི། །གྷསྨ་རཱི་ཡིས་མཆོག་ཏུ་མཛེས། །གསུམ་པའི་དང་པོའི་ས་བོན་དང་། །ལྔ་པ་ཡི་ཡང་ལྔ་པ་ལ།