།འདིར་ནི་རྣལ་འབྱོར་རིམ་པས་ནི། །པདྨ་རྡོ་རྗེ་འཆང་བ་བསྒོམ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །པདྨ་རཱ་ག་ལྟ་བུའི་འོད། །དཔའ་བོ་མདའ་དང་གཞུ་འཛིན་ཅིང་། །ཐོད་པའི་གདན་ལ་ཡང་དག་བཞུགས། །པདྨ་ཞགས་པ་འཛིན་པ་ཉིད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །འདིས་ནི་རིམ་པའི་རྣལ་འབྱོར་གྱིས། །དོན་ཡོད་ཕྱག་ན་རལ་གྲི་འཛིན། །ཐོད་པའི་གདན་གྱི་དབུས་བཞུགས་པར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཐོད་པ་རྡོ་རྗེ་དྲིལ་བུ་དང་། །ལྕགས་ཀྱུ་དག་ནི་གཡས་པས་འཕྱར། །བཻ་ཌཱུརྱ་ལྟར་ལྗང་གུ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནམ་མཁའི་ཁམས་ཀྱི་དབུས་སོན་པ། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །དེ་ཡི་ནང་སོན་ས་བོན་ནི། །བྲུྃ་ལས་སྤྱན་གྱི་དབྱིབས་སུ་ནི། །ཐོད་པའི་གདན་གྱི་དབུས་གནས་པར། །ཕྱག་ནི་བརྒྱད་ཀྱིས་རྣམ་པར་བརྒྱན། །འཁོར་ལོའི་ལག་པ་མདའ་དང་གཞུ། །དེ་བཞིན་རྡོ་རྗེ་དྲིལ་བུ་ཉིད། །ཞགས་པ་རལ་གྲི་ཐོད་པ་ཉིད། །སྤྱན་གསུམ་པ་ལ་ཞལ་གཅིག་མ། །རྒྱན་རྣམས་ཀུན་གྱིས་ཡང་དག་གང་། །དོ་ཤལ་དང་ནི་རྐང་གདུབ་བརྒྱན། །ཁ་དོག་དཀར་མོ་ཤིན་ཏུ་མཛེས། །དེ་བཞིན་ཐོད་པའི་དབུ་རྒྱན་ཉིད། །ནམ་མཁའི་ཁམས་ཀྱི་དབུས་སོན་པ། །ཟླ་བའི་དཀྱིལ་འཁོར་ཡོངས་གང་བ། །དེ་ཡི་ནང་སོན་བསམ་པར་བྱ། །ཧཱུྃ་ལས་མཱ་མ་ཀཱི་ཡི་དབྱིབས། །ཐོད་པའི་གདན་གྱི་དབུས་གནས་པར། །ཁ་དོག་སྔོན་མོ་འབར་ཆེན་མོ། །སྤྱན་གསུམ་མ་ལ་ཞལ་གཅིག་མ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །མདའ་དང་གཞུ་ནི་འཛིན་པ་ཉིད། །ལྕགས་ཀྱུ་དང་ནི་རལ་གྲི་ཉིད། །ཞགས་པ་རྡོ་རྗེ་དེ་བཞིན་དུ། །དྲིལ་བུ་དང་ནི་ཐོད་པའོ། །འཁོར་ལོ་རིན་ཆེན་པདྨ་དང་། །ཁ་ཊྭཱཾ་ག་དང་བཅུ་གཉིས་ནི། །གསང་བའི་དཀྱིལ་འཁོར་བྲི་བར་བྱ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །བྷ་གའི་དབུས་སུ་ཡོངས་གང་བའི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེར་ནི་ཧྲཱིཿནི་བསམ་བྱ་ཞིང་། །གོས་དཀར་ཞེས་བྱ་རྣམ་པར་བསྒོམ། །ཐོད་པའི་གདན་གྱི་དབུས་གནས་པར། །ཁ་དོག་དམར་མོ་འབར་ཆེན་མོ།