།ཤིན་ཏུ་སྙན་པའི་ཚིག་འདི་བརྗོད། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་འཚོ་བ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེ། །ད་ནི་སངས་རྒྱས་རིགས་སུ་འགྱུར། །བསྐལ་པ་རྒྱ་མཚོར་འཇིགས་ཆེན་པོར། །མནར་མེད་སྐྱེ་བ་ཡང་དག་འཁྲུགས། །ཉོན་མོངས་འདམ་ནི་བརྒལ་དཀའ་ལས། །བདག་ནི་མགོན་པོ་ཁྱེད་ཀྱིས་བསྒྲལ། །ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལས། །ཐེག་པ་རྫོགས་པ་ལྟ་བུར་བདག །བག་ཆགས་ཐམས་ཅད་བྲལ་བས་ན། །བདག་ལ་བྱང་ཆུབ་འཚལ་མ་མཆིས། །རངས་ཤིང་མིག་ནི་ཕྱེ་བ་ཡིས། །ཞབས་ལ་འཇུས་ནས་གུས་པར་བྱ། །གང་དང་གང་ཞིག་སྡུག་པའི་རྫས། །རེ་བ་མེད་པའི་སེམས་ཀྱིས་ནི། །དེ་དང་དེ་ཉིད་དབུལ་བར་བྱ། །བླ་མའང་སྙིང་རྗེ་ལྡན་པས་ནི། །སློབ་མ་བསྡུ་བའི་བསམ་པའི་ཕྱིར། །དེ་ལ་ཕན་པའི་བསམ་པས་བཟུང་། །དེ་ནས་ཕྱག་འཚལ་མཆོད་ནས་ནི། །བླ་མ་ལ་ནི་ཡོན་རྣམས་དབུལ། །གསེར་ནི་སྟོང་ཕྲག་བརྒྱ་དང་ནི། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །གོས་ནི་ཟུང་འགྱུར་བརྒྱ་ཉིད་དང་། །གླང་པོ་རྟ་དང་ཡུལ་འཁོར་ཉིད། །རྣ་ཆ་དང་ནི་རྐང་གདུབ་དང་། །ནོར་བུ་དང་ནི་སོར་གདུབ་སོགས། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །རང་གི་ཆུང་མ་བུ་མོ་དང་། །བྲན་ཕོ་བྲན་མོ་སྲིང་མོ་ཉིད། །ཕྱག་འཚལ་ནས་ནི་དབུལ་བར་བྱ། །བདག་གི་དངོས་པོ་ཐམས་ཅད་ཀྱིས། །བློ་དང་ལྡན་པས་བླ་མར་དབུལ། །དེ་རིང་ཚུན་ཆད་བདག་བྲན་དུ། །ཁྱོད་ལ་བདག་ནི་དབུལ་ལགས་ཞེས། །དེ་ལྟར་ཞུ་བ་བྱས་གྱུར་པས། །མངོན་པར་འདོད་པའི་གནས་ཐོབ་ནས། །ད་ནི་སངས་རྒྱས་ཐམས་ཅད་ཀྱིས། །བདག་ལ་བཀའ་དྲིན་ལེགས་པར་སྐྱོབས། །ཇི་ལྟར་བླ་མེད་བྱང་ཆུབ་དེ། །བྱིན་གྱིས་བརླབས་ཀྱིས་བདག་གིས་བསྒྲུབས། །བླ་ན་མེད་པའི་བྱང་ཆུབ་གནས། །ཀུན་མཆོག་མཆོད་པ་བསྐྱེད་པར་བགྱི། །སེམས་ཅན་གནས་གསུམ་འཁོར་བ་རྣམས། །དེ་ཉིད་ལ་ནི་གཞག་པར་བགྱི། །དབང་ཆོག་འདིས་སྦྱིན་པར་བྱ་ཞིང་སློབ་མའི་ལྷག་པར་མོས་པ་དང་། །ཟབ་པ་དང་རྒྱ་ཆེ་བའི་རིག་པས་ལྷག་པར་མོས་པའི་ཡིད་ཀྱིས་ཤེས་པར་བྱས་ནས་ཚིག་ཉིད་ཀྱིས་དབང་རིན་པོ་ཆེ་སྦྱིན་པར་བྱའོ།