Degé Kangyur volume 79, F.130.b

ཀུན་བྱེད་པའི། །​སྒྲོལ་མའི་འབྱུང་བ་བཤད་པར་བྱ། །​ཨུཏྤ་ལ་ནི་ཁ་བཞི་དང་། །​མཚམས་སུ་རྣམ་པར་གནས་པ་ཡིན། །​ཏཱྃ་ནི་གསུམ་གྱིས་མཚན་པ་དང་། །​དེ་ཡི་ལྟེ་བར་ཆོ་ག་ཡིས། །​ཀུན་ནས་ཟླུམ་པོའི་རྣམ་པར་ནི། །​སྔགས་པ་ཡིས་ནི་བྲི་བར་བྱ། །འདི་ལྟ་སྟེ། ཨོཾ་པྲ་སནྣ་ཏཱ་རེ། ཨ་མྲྀ་ཏ་མུ་ཁི། ཨ་མྲྀ་ཏ་ལོ་ཙ་ནེ། སརྦྦཱ་རྠ་སྭ་དྷ་ནི། སརྦྦ་ས་ཏྭ་བ་ཤངྐ་རི་སྟྲཱི་བཱ་པུ་རུ་ཥོ་བཱ་རཱ་ཛཱ་ནོ་བཱ་བ་ཤྃ་ཀུ་རུ་ཏྃ་སྭཱ་ཧཱ། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ཡི་གེ་དང་ལྡན་པ་བྱ་བ་ཡིན་ནོ། །​དེའི་ལྟེ་བ་ལ་ལྔ་པའི་དང་པོ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པའོ། །​དེ་ནས་ཕྲེང་བའི་དབྱིབས་སུ་བསྐོར་ཞིང་མཐར་སྭཱ་ཧཱ་དང་། ཟེའུ་འབྲུ་ལ་ནི་ཧྲཱིཿནང་དུ་ཆུད་པར་བྱའོ། །​སྔགས་པས་འཁོར་ལོ་གཉིས་ཆོ་ག་བཞིན་དུ་བྱས་ན་ཉི་མ་བདུན་གྱིས་མིའི་དབང་པོ་ཡང་དབང་དུ་བྱེད་དོ། །​ཡང་ན་འཁོར་ལོ་རྩིབས་བཅུ་པར་པདྨའི་དབུས་སུ་སྔགས་ཀྱི་ཡི་གེ་བཅུའི་རིག་པ་དང་ལྟེ་བ་ལ་བསྒྲུབ་བྱ་ནང་དུ་ཆུད་པར་བྱས་ན་ཇི་སྲིད་འཚོའི་བར་དུ་དབང་དུ་བྱེད་པར་ཐེ་ཚོམ་མི་ཟའོ། །​འཁོར་ལོ་རྩིབས་དྲུག་པ་བྲིས་ནས་སྔགས་ཀྱི་ཡི་གེ་དྲུག་རིག་པ་དང་དབུས་སུ་ཧྲཱིཿབ་ཤྃ་ཀུ་རུ་ཧྲཱིཿསྭཱ་ཧཱ་སྦྱར་བར་བྱ་སྟེ། །བ་གླང་གི་གི་ཝང་དང་། ཨ་ལ་ཀ་ཏ་དང་། ཙན་དན་དམར་པོ་དང་། རང་གི་ཁྲག་ལྷན་ཅིག་པས་གྲོ་ག་ལ་བྲིས་ནས་གང་ཞིག་འཛིན་པར་བྱེད་པས་ལྷ་ལ་སོགས་པའང་དབང་དུ་བྱེད་ན་ཡང་དམན་པའི་མི་ལྟ་ཅི་སྨོས། ཆུའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་གསུམ་པ་གདོང་བཞི་པ་བྲི་བར་བྱའོ། །​དེའི་ལྟེ་བ་ལ་བསྒྲུབ་བྱའི་མིང་ནང་དུ་ཆུད་པར་བྱ་སྟེ། ཁམ་ཕོར་གཉིས་སུ་ཆོ་ག་བཞིན་དུ་ཁ་ཊི་ཀ་ཡིས་བྲིས་ན་རེངས་པར་བྱེད་དོ། །​འཁོར་ལོ་རྩིབས་བརྒྱད་པོ་པདྨའི་རྣམ་པར་ཀུན་ནས་གྱུར་པ་ལ་ཡི་གེའི་རྣམ་པ་དགོད་པར་བྱ་སྟེ། གཿའི་ཚོགས་ནང་དུ་ཆུད་པར་བྱའོ། །​པདྨའི་ལྟེ་བར་གཿབརྒྱད་ཀྱིས་བརྒྱན་ཏེ་དབུས་སུ་གཿསྭཱ་ཧཱ་གཿབསྒྲུབ་བྱ་ནང་དུ་ཆུད་པར་བྱས་ནས་ཡུང་བའི་ཁུ་བས་རྡོ་བའི་གཏན་པ་ལ་འདི་དག་བྲིས་ནས་ཁས་བུབ་སྟེ་གཞག་པར་བྱས་ན་ཤིན་ཏུ་རེངས་པར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9115#UT22084-079-008-9115