Degé Kangyur volume 79, F.126.b

ཐབ་ཁུང་གྲུ་བཞི་སྟེ། །​ཁྲུ་གཉིས་ཚད་དུ་རྣམ་པར་རྒྱས། །​འོག་ཏུ་ཁུང་བུ་ཁྲུ་གང་བ། །​མུ་རན་ལ་ནི་སོར་བརྒྱད་ཉིད། །​མེ་ཏོག་སེར་པོས་བརྒྱན་པ་དང་། །​དྲི་ནི་སེར་པོས་རྗེས་སུ་བྱུག །​མངོན་སྤྱོད་ཐབ་ཁུང་གྲུ་གསུམ་པ། །​རྒྱར་ནི་སོར་མོ་ཉི་ཤུ་སྟེ། །​འོག་གི་འཕང་དུ་སོར་མོ་བཅུ། །​མུ་རན་ལ་ནི་སོར་མོ་གསུམ། །​དུར་ཁྲོད་སོལ་བས་བྱུག་པར་བྱ། །​དབང་དང་དགུག་པ་ཐུན་མོང་སྟེ། །​ཐབ་ཁུང་གཅིག་པའི་མཚན་ཉིད་གསུངས། །​དགུག་པ་ཟླ་བ་ཕྱེད་པའི་དབྱིབས། །​ཐབ་ཚད་ཁུང་བུ་ཐབ་ཁུང་ཕྱེད། །​ཚད་གཟུགས་མུ་རན་བྱས་ནས་ནི། །​དྲི་ནི་དམར་བོས་བྱུག་པར་བྱ། །​ཞི་ལ་ཁ་དོག་དཀར་པོ་ཡིན། །​རྒྱས་ལ་དེ་བཞིན་སེར་པོ་ཉིད། །​དབང་ལ་དེ་བཞིན་དམར་པོ་ཡིན། །​ཇི་ལྟར་དབང་ལ་དེ་བཞན་དགུག །​ཇི་ལྟར་གསད་ལ་དེ་བཞིན་སྡང་། །​ཕྱོགས་ཀྱི་ཆ་ནི་བཤད་པར་བྱ། །​ཤར་གྱི་ཕྱོགས་སུ་ཞི་བ་ཡིན། །​ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་ཉིད། །​ནུབ་ཏུ་དབང་དང་དགུག་པ་སྟེ། །​བྱང་དུ་རྒྱས་པའི་ཐབ་ཁུང་ཉིད། །​གོང་གི་ལས་ལ་ལྟོས་ནས་ནི། །​རྡུལ་ཚོན་རྣམས་ནི་བཤད་པར་བྱ། །​ཐབ་ཁུང་བརྐོ་བའི་བྱ་བའོ། །​དེ་ནས་འབྲུ་སྣ་ཚོགས་ཀྱི་ཆོ་ག་བཤད་པར་བྱ་སྟ། འབྲས་སཱ་ལུ་དང་། སོ་བ་དང་། ཏིལ་དཀར་པོ་དང་། ནས་དང་། འབྲས་བུ་དང་། དཱུར་བ་དང་། འོ་མ་དང་། མར་དང་། སྦྲང་རྩི་དང་ལྷན་ཅིག་ཏུ་བདུད་རྩི་ལྔ་དང་བསྲེས་ལ། འོ་མ་ཅན་གྱི་ཤིང་ལྔ་ལས་སྐྱེས་པའི་རློན་པའི་ཤིང་ཡལ་ག་དང་བཅས་པ་རྩེ་མོའི་ཆར་གནས་པ་འདི་སྦྲང་རྩི་དང་། འོ་མ་དང་། མར་ལ་གཉིས་ཀྱི་རྩེ་མོ་བཏགས་ཏེ་སྲེག་བླུགས་བྱའོ། །​ཨུ་དུ་མ་བཱ་ར་དང་། བླ་ཀྵ་ལས་བསྐྱེད་པའི་མེ་རབ་ཏུ་སྦར་ལ་ཞི་བར་འདོད་པས་དུས་གསུམ་དུ་ཁ་ཤར་དུ་བལྟ་ཞིང་གནས་ནས་སྲེག་བླུགས་བརྒྱ་རྩ་བརྒྱད་བྱའོ། །​དེ་ལ་དཀྱིལ་འཁོར་པ་ཡང་ཞི་བར་འགྱུར་རོ། །​དེ་ནས་རྒྱས་པར་བྱ་བར་འདོད་ན་ཏིལ་ནག་པོ་དང་། མོན་སྲན་གྲེའུ་དང་། སཱ་ལི་དམར་པོ་དང་། ནས་ལ་སོགས་པ་དང་། དེ་ཉིད་ཀྱིས་ཡམ་ཤིང་དུ་བརྗོད་པ་སྟེ། འོན་ཀྱང་ཁུ་ཚུར་གྱི་ཚད་དང་། ཁྲུ་གང་གི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9107#UT22084-079-008-9107