Degé Kangyur volume 79, F.125.a

རིམ་པ་འཕེལ་བའི་ཚིགས་མར་བརྗོད་པ་དང་། མཚན་མོ་དང་། བ་ཀུ་ཙི་དཀར་པོ་དང་། ཨུཏྤ་ལའི་སྙིང་པོ་དང་། ལྕགས་ཀྱི་དྲི་མ་དང་། དྲིའི་རྡོ་དང་། གུ་གུལ་དང་། སརྫ་ར་ས་དང་། ག་བུར་དང་། རི་དགས་ལས་སྐྱེས་པའི་ཆང་དང་། རྫས་འདི་རྣམས་དང་། མར་ཁུས་བཙོས་པས་ནད་མེད་ཅིང་ཚེ་རིང་བར་འཕེལ་བར་བྱེད་དོ། །​མགོ་བོ་ལ་བྱུགས་ན་གཉེར་མ་དང་སྐྲ་དཀར་སེལ་བར་བྱེད་ཅིང་ནད་ཐམས་ཅད་འཇོམས་པར་འགྱུར་བ་ཉིད་དུ་ཐེ་ཚོམ་མེད་དོ། །​དེ་ནས་ལུས་ཀྱི་བྱུག་པའི་འབྲུ་མར་གྱི་ཆོ་ག་བཤད་པར་བྱའོ། །དེ་ཉིད་ཀྱིས་འབྲུ་མར་དེ་འོན་ཀྱང་ཁྲག་སེལ་བར་བྱེད་པ་དང་། གསེར་གྱི་ཤིང་དང་། བརྟན་པར་རབ་ཏུ་སྐྱེས་པ་དང་། སིན་དྷུ་བཱ་རཻ་དང་། ལྷན་ཅིག་གོང་དུ་གསུངས་པའི་ཆོ་གས་སྔགས་པས་ཆུ་བསྒྲུབ་པར་བྱའོ། །​དེའི་རྗེས་སུ་ཤྱཱ་མ་དང་། པྲི་ཡ་དང་། ཀེ་ཤ་རི་དང་། བ་ཀུ་ལ་དང་། རིག་པ་འཛིན་མ་དང་། ནཱ་ག་དང་། འཁོར་ལོ་འཐག་པ་དང་། མཚན་མོ་རྒྱུ་བ་དང་། ཀ་ན་ཀ་དང་། ཤི་ཁི་དང་། པྲ་པར་དང་། བྷུ་ཏཱ་རི་དང་། པ་ར་ཧྲི་ད་དང་། བལླ་བྷི་དང་། གྲོལ་བ་དང་། ལག་པའི་རྩིབས་དང་། མཉྫ་རི་དང་། གསེར་ཤིང་དང་། བ་ཙཱ་དང་། བ་ཀུ་ཙ་དང་། སྤྲིན་གྱི་ཤིང་དང་། ཡུང་བ་དང་། མཉྫིཥྛ་དང་། ནད་ཀྱི་དབང་པོ། གླང་པོའི་སྟོབས་འདི་དག་གིས་ནི་ནད་ཐམས་ཅད་འཇོམས་པར་བྱེད་དོ། །​ཙནྡན་གཉིས་དང་། རི་དགས་ཀྱི་ཆང་དང་། ག་བུར་དང་། ཤ་ལ་ཀི་དང་། ན་ཁ་དང་། བུ་རམ་དང་མཉམ་པར་ལྡན་པའི་བདུག་པ་ནི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་དོ། །​གཡན་པ་དང་། ཤུ་བ་དང་། ཟ་འབྲུམ་དང་། ཡན་ལག་ལས་སྐྱེས་པའི་དུག་ཐམས་ཅད་འཇིག་པར་བྱེད་དེ། ལྷ་མོ་ངས་གསུངས་པ་ལ་ཐེ་ཚོམ་མི་བྱའོ། །​ཡུང་བ་དང་། སྲིད་པའི་རྡུལ་དང་། སིན་དུ་བཱ་ར་དང་། ལྷ་ཁང་གི་སོ་ཕག་གི་རྡུལ་དང་། ཀ་ན་ཀའི་འདབ་མའི་ཚིགས་མ་དང་། གླ་རྩི་དང་། བཞི་མཉམ་འདི་དག་མཉམ་པ་དང་། རྐུན་མ་དང་། ཀེྃ་སུ་དང་། ལྷན་ཅིག་པས་ནད་རྣམ་པ་སྣ་ཚོགས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9104#UT22084-079-008-9104