Degé Kangyur volume 79, F.124.a

བཞུ་ཞིང་། དེ་ནས་བྲིའི་རྡོ་བ་ཕྱེད་ཙམ་དུ་སྦྱིན་པར་བྱས་ལ་གསེར་ཕྱེད་ཀྱི་ཚད་གཞུག་པར་བྱའོ། །​བཅུད་ཀྱི་ཡེ་ཤེས་སོ། །​དེ་ནས་བཅུད་ལེན་བཤད་པར་བྱ། །​ཐམས་ཅད་སྙིང་པོ་ཀུན་བསྡུས་པ། །​དུས་ཀྱི་འཆིང་བར་གནས་ནས་ནི། །​རྣལ་འབྱོར་ཕྱག་རྒྱ་བསྒྲུབ་པར་བྱ། །​གཞི་མཉམ་ཉིད་དང་གླ་རྩི་དང་། །​ཙན་དན་དམར་པོ་ག་བུར་ཉིད། །​སཱ་ལུ་སྐྱེས་དང་སི་ཧླ་དང་། །​ཀུན་དུ་རུ་དང་ཀཀྐོ་ལ། །​དེ་བཞིན་རྐང་གི་སྙིང་པོ་ཉིད། །​འདི་རྣམས་སྨན་ནི་ཆེན་པོ་ཉིད། །​དུས་ནི་དྲུག་ཏུ་འོད་ཟེར་ཅན། །​དཔྱིད་དང་སོ་ག་ཉིད་དང་ནི། །དེ་བཞིན་དུ་ནི་དབྱར་ཉིད་དང་། །​སྟོན་གྱི་དུས་དང་དགུན་སྟོད་དང་། །​དེ་བཞིན་གཞན་ཡང་དགུན་སྨད་དོ། །​དཔྱིད་ལ་ཆོ་ག་ཉི་ཤར་ན། །​སོ་ག་མཁས་པས་ཉིན་ཕྱེད་ན། །​དབྱར་ལ་ཉི་མ་བསྙུར་བ་ན། །​སྟོན་ནི་དེ་བཞིན་ཉི་ནུབ་ན། །​དགུན་སྟོད་ལ་ནི་ནམ་ཕྱེད་ན། །དགུན་སྨད་ལ་ནི་ཐོ་རངས་སོ། །​དུས་ཀྱི་སྦྱོར་བ་མཆོག་འདི་ནི། །​ཞལ་མཆོག་མ་ནི་ཁྱོད་ལ་བཤད། །​དགུན་སྟོད་དུས་སུ་ནམ་ཕྱེད་ན། །​མེ་ཏོག་ཏུ་ནི་གསུངས་པ་ཉིད། །​དཔྱིད་ལ་ཡང་ནི་བཞི་མཉམ་ཉིད། །​ཉི་ཤར་དེ་བཞིན་དངོས་གྲུབ་སྟེར། །​དབྱར་ལ་ཉི་མ་བསྙུར་བ་ན། །​གླ་རྩི་ཡིད་དུ་འོང་བ་ཉིད། །​སོ་གར་དོན་ཀུན་གྲུབ་པ་པོས། །​ཉི་མ་ཕྱེད་ན་རྐང་སྐྱེས་ཉིད། །​སྟོན་ཀ་པདྨ་སྣུམ་པ་ཉིད། །​སྲོད་ལ་དངོས་གྲུབ་བྱེད་པ་ཉིད། །​དགུན་སྨད་ལ་ནི་ཐོ་རངས་ན། །​ཁྱད་པར་དུ་ནི་ག་བུར་ཉིད། །​རྣལ་འབྱོར་མཆོག་རབ་འདི་ཉིད་ནི། །​ཤིན་ཏུ་མཉམ་པར་གཞག་པར་བྱེད། །​རྒ་དང་འཆི་ལས་རྣམ་གྲོལ་བར། །​འགྱུར་བ་འདི་ལ་ཐེ་ཚོམ་མེད། །​བུ་དང་གྷན་དྷ་ག་ཉིད་དང་། །​མཆོག་དང་ཡང་དག་ལྡན་པར་ནི། །​མར་གྱིས་ཁྱབ་པར་བྱས་ནས་ནི། །​ལས་རྣམས་ཀུན་ལ་སྦྱར་བར་བྱ། །​རྫས་ནི་བཅུ་བཞི་བླངས་ནས་ནི། །​དགུ་དང་འབད་པས་བཟའ་བར་བྱ། །​ཟླ་བ་ཉི་མའི་རྣམ་པའི་ཆས། །​ཇི་ལྟར་འདོད་པའི་ལས་རྣམས་བྱ། །​ཉི་མ་བདུན་ཕྲག་གསུམ་གྱིས་འགྲུབ། །​སོ་དང་སེན་མོ་སྐྲ་ལྟུང་ཞིང་། །​ཡང་ནི་ཉེ་བར་སྐྱེ་བར་འགྱུར། །​གྲུབ་ན་ཁམས་རྣམས་ཐམས་ཅད་ནི། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9102#UT22084-079-008-9102