Degé Kangyur volume 79, F.123.b

ཏ་ལ་དང་ལྡན་པ་རྒྱལ་ལ་གྲུབ་པས་དཔྲལ་བའི་ངོས་སུ་ཐིག་ལེ་བྱས་ན་སྦེད་པར་འགྱུར་རོ། །​ཡང་ན་རིལ་བུ་མཆོག་ཏུ་གྱུར་པ་བ་བླ་དང་། བ་གླང་གི་གི་ཝང་འདི་དག་གོང་གི་བསྟན་པའི་དགོས་པའི་རིལ་བུ་མཆོག་འདི་སྒྲུབ་པའོ། །​མི་སྣང་བའི་ཡེ་ཤེས་སོ། །​དེ་ནས་མིག་སྨན་གྱི་སྦྱོར་བ་བཤད་པར་བྱ་སྟེ། ཤཱ་ལི་ཛ་ལས་བྱུང་བའི་མར་ཁུ་དང་ལྷན་ཅིག་དུར་ཁྲོད་ཀྱི་རས་ལས་བྱུང་བའི་སྡོང་བུ་འབྱུང་པོའི་ཉི་མའི་མཚན་མོ་བའི་སྐྱེད་མོས་ཚལ་དུ་སྐྱེས་པའི་ཐོད་པ་གསུམ་གྱི་ནང་དུ་མར་ཁུ་དང་བཅས་པའི་མར་མེའོ། །​དེའི་སྟེང་དུ་པདྨའི་འདབ་མ་བཞག་ནས་དགའ་མའི་ཐོད་པ་ལས་དུ་བ་བླང་བར་བྱའོ། །​དེ་ནས་ཉིན་མོ་འཇིགས་པའི་མགོ་བོ་བསྲེགས་ནས་ཙན་དན་དམར་པོ་དང་མང་དུ་བཏགས་ཏེ། དེ་ཉིད་ཀྱི་མཚན་མོ་རྡོའི་གཏན་པ་ལ་ཞིབ་ཏུ་བཏག་ཅིང་ཕྱེ་མར་བྱའོ། །​གོང་དུ་བླངས་པའི་དུ་བ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་བྱ་རྒོད་ཀྱི་པགས་པའི་སྣོད་དུ་བཅིངས་ཏེ། བྱ་རྒོད་ཀྱི་རྗེ་ངར་གྱི་རྐང་ངམ། གོང་གི་མིའི་རུས་པའི་ཐུར་མས་སོ། །​དེ་ནས་མིག་སྨན་ཇི་ལྟར་བསྒྲུབ་པར་བགྱི། བཀའ་སྩལ་པ། བྷ་གའི་ནང་དུ་སྔགས་པས་ཆོ་གས་བསྒྲུབ་པར་བྱའོ། །​གྲུབ་པའི་མིག་སྨན་གྱི་སྦྱོར་བའི་ཡེ་ཤེས་སོ། །​དེ་ནས་ལས་ཀྱི་ཆོ་ག་བཤད། །​བཟླས་དང་བསམ་གཏན་རྟག་དགའ་བ། །​གང་གིས་སྒྲུབ་པོ་འགྲུབ་འགྱུར་བའི། །​བཅུད་ཀྱི་ལས་ཀྱི་ཆོ་ག་བརྗོད། །​ཆོ་གའི་དངོས་པོ་མ་གང་ཡང་། །​ཕོངས་པའི་སེམས་ཅན་བདེ་བ་འབབ། །​རི་དང་རྒྱ་མཚོ་ལས་སྐྱེས་པ་དུ་མ་དང་། བྱས་པའི་སྐྱུར་པོ་དང་། བུ་དང་། མདུད་པ་དང་། རྡོའི་གཏན་པ་ཚན་དེ་ལ་ཡང་དང་ཡང་མཉེས་ནས། སྣུ་ཧི་དང་། རིའི་ཟེ་འབྲུ་དང་། རོལ་པ་དང་། འདབ་མའི་ཆུ་སིངས་པོ་དང་བཅས་པར་ཟངས་ཀྱི་སྣོད་དུ་བསྐོལ་བར་བྱའོ། །​ལྕགས་བླངས་ནས་སྦྱར་བར་བྱ་ཞིང་། བ་གུ་ལ་དང་། ཨུཏྤ་ལ་ཆེན་པོའི་ཆ་དང་ལྡན་པར་ཇི་སྲིད་དུ་མར་སར་བྱུང་བ་དེ་སྲིད་དུ་མཉེ་བར་བྱའོ། །​དེ་མ་ཐག་ཏུ་རྡོ་རྗེ་ཅན་གྱི་འོ་མས་བཏགས་ནས་སིན་དུ་དང་ཚྭ་ལས་ཁུ་བར་འགྱུར་བ་སྟེ། ཟངས་དང་། དངུལ་གྱི་ཆ་དང་གསེར་ལྷན་ཅིག་པའི་ཆ་ཁྱོར་གུབ་བཀབ་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9101#UT22084-079-008-9101