Degé Kangyur volume 79, F.123.a

དངོས་པོའི་རིལ་བུ་སྐྱེས་པ་ཤི་བ་དང་མཚུངས་པར་བུད་མེད་བསྲེགས་པའི་ཐལ་བ་དང་། ཀ་པིཏྠ་ཡོངས་སུ་སྨིན་པའི་ཕྱེ་མ་དང་། སརྫ་ར་ཛའི་ཁུ་བ་དང་། རྡུལ་དང་། དེ་ཡོངས་སུ་བཏགས་པས་བདེ་བར་གཤེགས་པའི་གདུང་གི་དངོས་པོ་ཡིད་ཆེས་པ་ཉི་མ་དང་། ཟླ་བ་དང་། མེའི་ནང་དུ་སོན་པར་དེ་ཉིད་ཀྱིས་ཡོངས་སུ་དཀྲིས་ནས་རྒྱལ་ལ་བསྒྲུབ་ཅིང་རིལ་བུ་ཁར་བཅུག་ན་གནོད་སྦྱིན་ལྟ་བུར་འདོད་པའི་གཟུགས་ཅན་དུ་དཔལ་དང་ལྡན་པར་གནས་པར་འགྱུར་རོ། །​ཡང་ན་སྲོ་ཏ་ཀ་དང་། རི་བོང་གིས་མཚན་མའི་ཚེར་མ་དང་། སྦྲང་རྩི་དང་། །​སྦྲང་རྩི་ཅན་དང་། དང་པོའི་མེ་ཏོག་དང་ལྡན་པ་དང་། པད་མ་སར་པའི་གེ་སར་དང་ལྡན་པའི་རིལ་བུ་ལྕགས་གསུམ་གྱི་ནང་དུ་གནས་པས་སྦེད་པར་བྱེད་དོ། །​ཡང་ན་ཨ་ཤོ་ཀ་སྔོན་པོ་རབ་ཏུ་རྒྱས་པའི་མྱུ་གུ་བུད་མེད་ཀྱི་ཁྲག་གིས་ལན་བདུན་དུ་བྱུགས་ཤིང་ལྕགས་གསུམ་གྱི་ནང་དུ་བཅུག་པ་ཁར་བཅུག་པས་ནི་འགྲོ་བ་མ་ལུས་པ་སྦེད་པར་བྱེད་དོ། །​ཡང་ན་ཏ་ཀ་རའི་བྱང་ཕྱོགས་ཀྱི་རྩ་བ་ཕྱོགས་ཀྱི་གོས་ཀྱིས་གཏུམ་ཞིང་ཟླ་བ་གཟས་ཟིན་པ་ན་རིལ་བུ་ཉི་མ་དང་། ཟླ་བ་དང་། མེའི་ནང་དུ་བཅུག་ན་ཁའི་ནང་དུ་གནས་པས་མི་སྣང་བར་བྱེད་དོ། །​བ་གླང་གི་གི་ཝང་དང་། ཨང་གུ་ཏའི་ཤིང་གི་མེ་ཏོག་དང་། འགགས་ནས་ཤི་བའི་མིག་དང་། ཚིལ་བླངས་ཤིང་ཁ་གཉིས་པས་ཟོས་པའི་ལྷག་མ་དང་ལྡན་པའི་རིལ་བུ་འདི་ནི་བརྟགས་པའི་བརྐྱང་མ་ཞེས་བྱའོ། །​ཡང་ན་ཕའི་ཚལ་དུ་ཟླ་མཚན་གྱིས་མྱོས་པའི་བུ་མོ་མཉེས་པའི་རྫས་དང་། བ་བླ་དང་ལྡན་པས་དཔྲལ་བའི་གནས་ཀྱི་ངོས་ཀྱི་གནས་སུ་ཐིག་ལེ་བྱས་ན་གནས་གསུམ་པོ་སྦེད་པར་བྱེད་དོ། །​ཡང་ན་ཨ་ཤོ་ཀ་སྔོན་པོའི་བྱང་གི་ཕྱོགས་སུ་ཁྭའི་ཚང་གི་མྱུ་གུས་དཔྲལ་བའི་འགྲམ་དུ་ཐིག་ལེ་བྱས་ན་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཐམས་ཅད་སྦེད་པར་བྱེད་དོ། །​ཕུག་རོན་གྱི་ཁོང་པར་སྲོ་ཏའི་མིག་སྨན་བཅུག་ནས་རོ་སྲེག་གི་མེ་ལ་བསྲེགས་ཏེ། གྲུབ་པའི་མིག་སྨན་བྱི་ལ་དཀར་པོ་མ་ཡིན་པའི་ཁྲག་གིས་བསད་པས་སྦེད་བར་བྱེད་དོ། །​ཡང་ན་ཏྲི་ཎཱ་སར་པའི་ཚོགས་ཀྱི་མྱུ་གུས་བཏེག་པའི་ས་དང་། སར་གྷ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9100#UT22084-079-008-9100