Degé Tengyur volume 93, F.5.a
།ཉོན་མོངས་པའི་རྒྱུ་ཡོངས་སུ་ཤེས་པས་ལྟ་བའི་ཟག་པ་ཟད་དོ། །ཕུང་པོའི་རྒྱུ་ཡོངས་སུ་ཤེས་པས་སྲིད་པའི་ཟག་པ་ཟད་དོ། །ཡང་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་པ་ལས་ལྟ་བ་ཐམས་ཅད་འབྱུང་བས་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པས་ལྟ་བའི་ཟག་པ་ཟད་དོ། །ཀུན་འབྱུང་བའི་བདེན་པ་སྤངས་པས་འདོད་པའི་ཟག་པ་ཟད་དོ། །འགོག་པ་མངོན་སུམ་དུ་བྱས་པས་སྲིད་པའི་ཟག་པ་ཟད་དོ། །ལམ་གྱི་བདེན་པ་བསྒོམས་པས་མ་རིག་པའི་ཟག་པ་ཟད་དོ། །འདོད་པའི་ཟག་པ་སྤངས་པས་ལྷའི་བུའི་བདུད་ཆོམས་སོ། །སྲིད་པའི་ཟག་པ་སྤངས་པས་འཆི་བའི་བདུད་ཆོམས་སོ། །མ་རིག་པའི་ཟག་པ་སྤངས་པས་ཉོན་མོངས་པའི་བདུད་ཆོམས་སོ། །ལྟ་བའི་ཟག་པ་སྤངས་པས་ཕུང་པོའི་བདུད་ཆོམས་སོ། །བདུད་བཞི་ལས་རྒྱལ་བ་ལས་ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པར་བྱེད་པས་ཉོན་མོངས་པ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །འདིས་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །ཉོན་མོངས་པར་འགྱུར་བས་ཉོན་མོངས་པ་སྟེ་རྣམ་པར་སྨིན་པའི་ཕུང་པོའི་ཀུན་ནས་ཉོན་མོངས་པའོ། །རྒྱུ་འདི་ལས་ཉོན་མོངས་པར་འགྱུར་བས་སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་ཞེས་བྱ་བས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་མེད་དོ། །འདུ་བྱེད་རྣམས་འགགས་པས་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་འགག་གོ་ཞེས་བྱ་བས་ནི། རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་མེད་དོ། །སྲིད་པ་འགགས་པས་སྐྱེ་བ་དང་རྒ་ཤི་འགག་གོ་ཞེས་བྱ་བས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མེད་དོ། །དེ་ལྟ་བས་ན་སྡུག་བསྔལ་བར་བྱེད་པ་གང་ཡིན་པ་དང་། གང་གིས་སྡུག་བསྔལ་བར་བྱེད་པ་དང་། སྡུག་བསྔལ་བ་གང་ཡིན་པ་དང་། སྡུག་བསྔལ་གྱི་རྒྱུ་གང་ཡིན་པ་དེ་དག་སྤངས་པ་བསྟན་ཏོ། །གཞན་ཡང་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་འཐོབ་བོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པས་ཁ་ན་མ་ཐོ་བ་མེད་པའི་བདེ་བ་འཐོབ་བོ། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-11918#UT23703-093-001-11918