Degé Tengyur volume 93, F.34.a

ཟིན་ན་འཁོར་གཞན་དག་ཟབ་མོ་འདི་ནི་བདག་ཅག་གི་སྤྱོད་ཡུལ་མ་ཡིན་ནོ་སྙམ་ནས་འབད་པར་མི་བྱེད་ཀྱང་སྲིད་ཀྱི། ཤཱ་རིའི་བུ་ལས་བརྩམས་ཏེ་སྐབས་ཕྱེ་ན་ནི་བཤད་པ་འདི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་ཡིན་ཏེ། ཤིན་ཏུ་ཟབ་པ་མ་ཡིན་ནོ་སྙམ་དུ་གཞན་དག་སེམས་པར་འགྱུར་རོ། །​དེ་བས་ན་ཤཱ་རིའི་བུ་ཉིད་ལས་བརྩམས་ཏེ་སྐབས་ཕྱེའོ།​།འདི་ལྟར་འོག་ནས་ཀྱང་དགེ་སློང་རྣམས་དང་། འཁོར་གཞན་དག་གིས་ཀྱང་ཆོས་མངོན་པར་རྟོགས་ནས་སོ་སོར་ཐོབ་པོ་ཞེས་འབྱུང་ངོ་། །​དེ་ལ་དེ་ལྟ་ཡིན་དུ་ཟིན་ཀྱང་གནས་བརྟན་ཤཱ་རིའི་བུ་ནི་བྱ་བ་བྱས་པ་ཡིན་པས་བཤད་པ་དོན་ཆེན་པོ་འདི་ལས་བརྩམས་ཏེ་སྐབས་དབྱེ་བ་མི་རིགས་སོ་ཞེ་ན་ཡང་དེ་ལྟར་གནས་བརྟན་ཤཱ་རིའི་བུ་བྱ་བ་བྱས་པ་ཡིན་ནོ་ཞེས་ཟེར་བ་དེ་ལ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་པདྨ་དཀར་པོ་ལས། ཤཱ་རིའི་བུ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད། བསམ་གྱིས་མི་ཁྱབ། ཚད་མེད་པ་རྣམས་སུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་ཀྱི་དམ་པའི་ཆོས་བཟུང་ནས་མཆོད་པ་རྣམ་པ་སྣ་ཚོགས་ཀྱང་བྱས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ཉིད་ཡོངས་སུ་རྫོགས་པར་བྱས་ནས། སངས་རྒྱས་ཀྱི་ཞིང་རྡུལ་དང་བྲལ་བ་ཞེས་བྱ་བའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་འོད་ཅེས་བྱ་བར་འགྱུར་ཞིང་འཇིག་རྟེན་དུ་འབྱུང་ངོ་ཞེས་གནས་བརྟན་ཤཱ་རིའི་བུ་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །​ཇི་ལྟར་ན་དགེ་སློང་ཟག་པ་ཟད་པ་ལས་དང་ཉོན་མོངས་པའི་རྒྱུན་ཆད་པ་ཡང་སྲིད་པར་ཉིང་མཚམས་སྦྱོར་ཞིང་བསྐལ་པ་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་ཏེ། འདི་ཉིད་ཀྱང་ཤེས་པར་མི་རུང་ངོ་། །​གལ་ཏེ་དགྲ་བཅོམ་པ་རྣམས་ཀྱང་ཡང་སྲིད་པར་ཉིང་མཚམས་སྦྱོར་དུ་ཟིན་ན་ནི་དགྲ་བཅོམ་པ་ཐམས་ཅད་ཀྱང་ཡང་སྲིད་པ་སོ་སོར་ལེན་པར་འགྱུར་བས་ཐར་པ་མི་འགྲུབ་པ་ཉིད་དུ་འགྱུར་རོ་ཞེ་ན། ཡང་འདི་ནི་ངེས་པ་མེད་དེ། གལ་ཏེ་དགྲ་བཅོམ་པ་རྣམས་ལ་ལས་དང་། ཉོན་མོངས་པ་ཡོད་དུ་ཟིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-11976#UT23703-093-001-11976