Degé Tengyur volume 93, F.9.b

གང་ཡིན་པ་དེ་ནི་གསང་སྔགས་ཀྱི་གཟུངས་ཞེས་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་དང་པོ་ལ་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་ཡོངས་སུ་རྫོགས་པར་བྱ་སྟེ། བསྐལ་པ་གྲངས་མེད་པ་དེ་འདས་ནས་ས་དང་པོ་ཐོབ་སྟེ། ས་དེ་ལ་ཡེ་ཤེས་ཤིན་ཏུ་རྣམ་པར་སྦྱངས་པས་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེ་ལ་དབང་ཐོབ་སྟེ། ཏིང་ངེ་འཛིན་གྱི་དབང་གི་སྟོབས་བསྐྱེད་པ་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་གསང་སྔགས་ཀྱི་གཞི་འདི་དག་སེམས་ཅན་རྣམས་ཀྱི་ཡམས་ཀྱི་ནད་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་ཏིང་ངེ་འཛིན་གྱི་དབང་གི་སྟོབས་ཀྱིས་སེམས་ཅན་རྣམས་ཀྱི་ཡམས་ཀྱི་ནད་དང་། གནོད་པ་ཞི་བར་བྱེད་པའི་གསང་སྔགས་ཀྱི་གཞི་རྣམས་བྱིན་གྱིས་རློབ་སྟེ། དེས་དེ་ལྟར་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་དེ་དག་གྲུབ་པར་འགྱུར་མཆོག་ཏུ་གྲུབ་པར་འགྱུར་ཞིང་གཏན་དུ་གྲུབ་པར་འགྱུར་རོ། །​དེ་བཞིན་དུ་ས་གོང་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡང་སེམས་ཅན་གྱི་དོན་དེ་དང་། དེ་དག་གི་ཕྱེད་དུ་གསང་སྔགས་ཀྱི་ཚིག་དེ་དག་ཇི་ལྟ་ཇི་ལྟར་བྱིན་གྱིས་བརླབས་པ་དེ་ལྟ་དེ་ལྟར་རྣམ་པ་ཐམས་ཅད་དུ་འགྲུབ་པར་འགྱུར་རོ། །​དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་དབང་དེ་ལྟ་བུར་གྱུར་པས་གསང་སྔགས་རྣམས་འཛིན་པར་བྱེད་པས་ན་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །​གཟུངས་ཀྱི་དབང་དེའི་ཡུལ་དུ་གྱུར་པའི་གསང་སྔགས་ཀྱི་གཞི། དེ་དག་ཀྱང་གཟུངས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་གཟུངས་ཞེས་བྱའོ། །​དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལ་སར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་ཆོས་ཉན་པ་ན་སྔོན་མི་ཤེས་ཤིང་སྔོན་མ་ཐོབ་པའི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་ཡི་གེའི་ཚོགས་སུ་གཏོགས་པའི་ཆོས་ཚད་མེད་གྲངས་མེད། དཔག་ཏུ་མེད་པ་རྣམས་རིམ་པ་དེ་ཉིད་ཀྱིས་ཡུན་རིང་པོར་ཡང་མི་བརྗེད་པར་འཛིན་པར་དྲན་པ་དང་། ཤེས་རབ་ལ་ཆོས་ཀྱི་གཟུངས་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-11927#UT23703-093-001-11927