Degé Kangyur volume 73, F.44.a

ཐབ་ཏུ་བྱ་དགོས་ཀྱི་གཞན་ནི་མི་འདོད་དོ་སྙམ་དུ་བསམས་ནས། དེས་ཅི་ནས་གཞུང་སྨྲ་བ་དེས་བདག་ཐུབ་པར་འགྱུར་བ་དེ་ལྟར་བྱས་སོ། །​དེ་ནས་རྒྱལ་པོས་བསམས་པ། བདག་གིས་དམ་བཅས་པ་ལ་གཞུང་སྨྲ་བ་གང་གིས་འདི་ཐུབ་པར་འགྱུར་བ་དེ་ལ་བདག་གིས་འདི་སྦྱིན་པར་བྱའི། བདག་གིས་འདི་བྱད་གཟུགས་བཟང་བ་ལ་ཡང་མི་སྦྱིན། རིགས་མཐོ་བ་ལ་ཡང་མི་སྦྱིན་དབང་ཕྱུག་དང་ལྡན་པ་ལ་ཡང་མི་སྦྱིན་ནོ་ཞེས་དམ་བཅས་པ་ལས། འདིས་འདི་ཐུབ་པར་གྱུར་ལ་འདི་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ། བདག་གིས་འདི་ལས་ལྷག་པ་གུད་ནས་གཞུང་སྨྲ་བ་ཆེས་ཁྱད་པར་དུ་འཕགས་པ་མི་རྙེད་ཀྱིས། མ་ལ་བདག་གིས་འདི་ཁོ་ན་ལ་སྦྱིན་པར་བྱའོ་སྙམ་དུ་བསམས་ནས། ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་གང་ཡིན་པ་དེ་བཞིན་དུ་བྱས་ཏེ། བུ་མོ་དེ་དེ་ལ་བྱིན་ནས་དབང་ཕྱུག་ཆེན་པོར་ཡང་བསྐོས་སོ། །​དེ་ཡང་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །​དེ་ནས་ཕྱི་ཞིག་ན། བུ་མོ་དེ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་རུས་ཀཱ་ཏྱཱ་ཡ་ན་ཡིན་ལ་འདུས་མོའི་བུ་ཡིན་པས་ན་འདུས་པའི་ཀཱ་ཏྱཱ་ཡ་ན་ཞེས་གདགས་སོ་ཞེས་ཟེར་རོ། །​དེ་ནས་ཁྱེའུ་འདུས་པའི་ཀཱ་ཏྱཱ་ཡ་ན་འོ་མ་དང་། ཞོ་དང་མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །​དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6153#UT22084-073-001-6153