Degé Kangyur volume 73, F.27.b

ཀུན་དགའ་ར་བ་ན་བཞུགས་སོ། །​དེ་ནས་བད་སའི་རྒྱལ་པོ་འཆར་ཀས་བཅོམ་ལྡན་འདས་པད་མའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཀཽ་ཤཱཾ་བཱིར་བྱོན་ནས་ཀཽ་ཤཱཾ་བཱི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །​ཐོས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་ཀ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །​ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ། །​ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །​ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །​དེ་ནས་བད་སའི་རྒྱལ་པོ་འཆར་ཀས། བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པར་དགུང་ཟླ་གསུམ་གྱི་བར་ཏུ་བདག་ལས་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་པར་ཅི་གནང་ཞེས་གསོལ་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་ཀ་ལ་ཅང་མི་གསུང་བས་གནང་ངོ་། །​དེ་ནས་བད་སའི་རྒྱལ་པོ་འཆར་ཀས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བར་ཡོ་བྱད་ཐམས་ཅད་སྦྱར་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །​དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས་སོང་ངོ་། །​དེ་ཡང་དུས་དུས་སུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་ཆོས་མཉན་པར་བྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6120#UT22084-073-001-6120