Degé Kangyur volume 73, F.3.b

ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །​དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །​ཁྱིམ་བདག་དེ་ཡང་བདེན་པ་མཐོང་བར་གྱུར་ནས། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །​དེའི་ཁྱིམ་དེ་སློང་བའི་སྐྱེ་བོ་རྣམས་ཀྱི་ཆུ་དོང་དང་འདྲ་བར་གྱུར་ཏོ། །​ཁྱིམ་བདག་དེས་ཀྱང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་དང་ཡང་དུ་ཁྱིམ་གྱི་ནང་དུ་བཤོས་གསོལ་བར་བྱེད་དོ། །​དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ཁྱིམ་བདག་དེས་ཁྱི་མོ་དེ་ལ་ཁ་ཟས་བྱིན་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །​ཁྱི་མོ་དེ་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་ནས་ཆོས་ཉན་ཏོ། །དེ་ནས་ཁྱིམ་བདག་དེས་བསམས་པ་བདག་གིས་ལེགས་པ་འདི་ལྟ་བུ་རྟོགས་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཁྱི་མོ་འདིའི་མཐུ་ལས་བྱུང་བ་ཡིན་ནོ། །​སྙམ་དུ་རིག་གོ། །​རིག་ནས་ཀྱང་དེ་ལ་ཤིན་ཏུ་སྐྱོང་བར་བྱེད་དོ། །​དེ་ནས་ཕྱི་ཞིག་ན་ཁྱི་མོ་དེ་ནད་ཀྱིས་ཐེབས་ནས། ཤཱ་རིའི་བུས་དེ་ལ་སྨྲས་པ། བུ་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །​འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །​ཆོས་ཐམས་ཅད་ནི་བདག་མེད་པའོ། །​མྱ་ངན་ལས་འདས་པ་ནི་ཞི་བའོ། །​ང་ལ་སེམས་དགའ་བར་གྱིས་ཤིག་དང་། དུད་འགྲོའི་སྐྱེ་གནས་དང་འབྲལ་བར་འགྱུར་ཡང་སྲིད་དོ་ཞེས་སྨྲས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ངོ་། །​དེ་སོང་ནས་རིང་པོ་མ་ལོན་པར་ཁྱི་མོ་དེ་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་ནས་ཤིའོ། །​དེ་ཤི་འཕོས་ཏེ་འདས་ནས་ཁྱིམ་དེ་ཉིད་དུ་ཁྱིམ་བདག་དེའི་ཆུང་མ་ཆེན་མའི་མངལ་དུ་སྐྱེས་སོ། །​དེ་ཤི་བའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་སླར་ཁྱིམ་དེར་འོངས་ནས། ཁྱིམ་བདག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བསྙད་དེ། བཙུན་པ་ཤཱ་རིའི་བུ་ཁྱི་མོ་དེ་གུམ་ལགས་སོ་ཞེས་བྱས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱི་མོ་དེའི་རོ་དེ་ཕྱོགས་དབེན་པ་ཞིག་ཏུ་ཞོག་ཤིག་དང་། རུས་པ་དེ་དག་ཕྱིས་དེ་ཉིད་ལ་ཕན་འདོགས་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6072#UT22084-073-001-6072