Degé Kangyur volume 73, F.157.a

ཇོ་བོ་དེ་སྐད་མ་གསུང་ཤིག་དགེ་སྦྱོང་གཽ་ཏ་མ་འདི་ནི་རྐང་གཉིས་ཀྱི་ནང་ན་བསོད་ནམས་ཀྱི་ཞིང་ཡིན་ཏེ། འདི་ལ་ནི་བཀུར་སྟི་ཆུང་ངུ་བྱས་པ་ཙམ་གྱིས་ཀྱང་འབྲས་བུ་ཤིན་ཏུ་ཆེ་བར་འགྱུར་གྱིས་དགེ་སྦྱོང་གཽ་ཏ་མ་འདི་ལ་བདག་ཅག་གཉིས་ཀྱིས་བཤོས་དབུལ་བར་བྱའོ། །​འདི་ལ་ཕུལ་ན་བདག་ཅག་གཉིས་དབུལ་བའི་རྒྱུན་ཆད་པར་འགྱུར་རོ། །​བྲམ་ཟེས་སྨྲས་པ་ཁྱོད་ཅི་དགའ་བ་བཞིན་དུ་བྱས། སོང་ལ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་དག་བཤམས་ཏེ། ནང་པར་ཕྱིར་བྱུང་ནས་གང་གི་ཚེ་དགེ་སྦྱོང་གཽ་ཏ་མ་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་པ་དེའི་ཚེ། བདག་ཅག་གཉིས་ཀྱིས་ཞིང་གི་སྟེང་ན་འདུག་བཞིན་དུ་བཤོས་དབུལ་ལོ། །​བྲམ་ཟེ་མོས་སྨྲས་པ། ཇོ་བོ་ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ་ཞེས་བྱས་ནས། བྲམ་ཟེ་མོ་དེ་རང་གི་ཁྱིམ་དུ་སོང་སྟེ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་ཏེ། ནང་པར་སྔར་ལངས་ནས་ཞིང་གི་སྟེང་དུ་སོང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཁ་བལྟས་ནས། བཅོམ་ལྡན་འདས་གཤེགས་པ་ལ་སྡོད་ཅིང་འདུག་གོ། །​སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར་སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6379#UT22084-073-001-6379