Degé Kangyur volume 73, F.74.b

ཏེ་རིགས་དང་འཐུན་པའི་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཕ་མ་དེ་གཉིས་ཀྱིས་བཟའ་བ་དང་བཅའ་བ་བཟང་པོ་བྱིན་ལ་ལས་ཅི་ཡང་བྱེད་དུ་མི་འཇུག་གོ། །​དེ་ནས་ཕྱིས་དེའི་ཕས་དེ་རང་གི་ལས་བྱེད་དུ་བཅུག་པ་དང་དེ་ན་རེ་ཡབ་བདག་ནི་བདག་ཉིད་འགུམ་པའི་རྔོ་ནི་ཐོགས་ཀྱི། སྲོག་ཆགས་འགུམ་པའི་རྔོ་ནི་མི་ཐོགས་སོ་ཞེས་ཟེར་རོ། །​ཤན་པའི་ཆུང་མས་སྨྲས་པ། ཇོ་བོ་ཁྱེའུ་འདི་ལ་གནོད་པར་མ་མཛད་ཅིག་དང་། བདག་ཅག་གིས་ལས་འདི་གླ་མི་བགྱིད་དུ་སྩལ་ཏོ། །​དེ་ནས་དེ་སྐད་ཅེས་ཐོས་པའི་མོད་ལ། ཤན་པ་དེས་ཁྱེའུ་དེ་དལ་བར་བཞག་གོ། །​དེ་ནས་ཕྱི་ཞིག་ན་ཁྱེའུ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། དེ་དུས་དུས་སུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་ཞིང་བཅོམ་ལྡན་འདས་ལ་ཆོས་མཉན་པར་བྱེད་དོ། །​དེ་ནས་ཕྱི་ཞིག་ན་དེ་རབ་ཏུ་འབྱུང་བའི་སེམས་སྐྱེས་ནས། དེས་བསམས་པ། བདག་གིས་ཁྱིམ་ན་གནས་པ་བཏང་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་ནས། ཕ་མ་གཉིས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་བྱས་སོ། །​དེ་ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་། ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །​དེ་ནས་དེས་དགྲ་བཅོམ་པ་ཉིད་ཐོབ་ནས་བསམས་པ། བདག་གིས་འདུལ་བར་འགྱུར་བ་འགའ་ལྟ་ཡོད་དམ་སྙམ་པ་དང་། དེས་ཐོག་མ་ཁོ་ནར་ཕ་མ་གཉིས་འདུལ་བར་འགྱུར་བ་མཐོང་ངོ་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6214#UT22084-073-001-6214